རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་ལམ་ལ་རྒྱ་ནག་གི་སེམས་འཚབ།
ཉེ་ཆར་རྒྱ་གར་ཀ་ཤི་མིར་གྱི་ས་གནས་ཡུ་རཱིར་འཇིགས་སྐུལ་རིང་ལུགས་པས་དྲག་རྒོལ་བྱས་ནས། རྒྱ་གར་གྱི་དམག་མི་༡༨ ཀྱི་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་བ་དང་། རྒྱ་གར་གྱིས་འཇིགས་སྐུལ་རིང་ལུགས་པ་དེའི་རྒྱབ་ལ་པ་ཀི་སི་ཐན་ཡོད་སྐོར་བརྗོད་པར། པ་ཀི་སི་ཐན་གྱིས་ངོས་ལེན་བྱས་མེད་པས། ཕྱོགས་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པ་རེད། རྒྱ་ནག་གིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཞི་མོལ་ཐོག་ནས་ཡར་རྒྱས་ཡོང་བའི་རེ་བ་ཡོད་སྐོར་བརྗོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༧ དང་༢༨ ཉིན་གྱི་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༡ པའི་ནང་པ་ཀི་སི་ཐན་གྱི་རྒྱལ་ས་རུ་འཚོགས་གྲབས་ཡོད་པའི་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་མཉམ་ལས་ཀྱི་ལྷན་ཚོགས་ལ། རྒྱ་གར་གྱིས་རྒྱལ་མཚམས་ཕར་ཕྱོགས་ནས་འཇིགས་སྐུལ་རིང་ལུགས་པས་དྲག་རྒོལ་མང་དུ་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་ལྷན་ཚོགས་ལ་མཉམ་ཞུགས་བྱེད་པའི་ཁོར་ཡུག་ཡག་པོ་མེད་སྐོར་བརྗོད་ནས་ཕྱིར་འཐེན་བྱས་འདུག དེ་དང་བསྟུན་ནས་འབྲུག་དང་ཨབ་གྷ་ནི་སི་ཐན། བྷང་ལ་དྷེ་ཤེ་བཅས་ལྷན་ཚོགས་ནས་ཕྱིར་འཐེན་བྱས་ཡོད་པ་དང་། ལྷན་ཚོགས་དེར་ཚོགས་མི་རྒྱལ་ཁབ་གཅིག་མཉམ་ཞུགས་མ་བྱས་ན། ཚོགས་ཆོག་གི་མེད་པས། རྒྱ་གར་གྱིས་པ་ཀི་སི་ཐན་དེ་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནས་ཁེར་རྐྱང་དུ་འདོན་ཐབས་དང་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་པ་དེར་གྲུབ་འབྲས་ཐོན་ཡོད་སྐོར་གྱི་གནས་ཚུལ་སྤེལ་འདུག
དེ་བཞིན་ཕྱི་ལོ་༡༩༦༠ ལོར་རྒྱ་གར་གྱི་སྲིད་བློན་ནེ་རུ་དང་པ་ཀི་སི་ཐན་གྱི་སྲིད་འཛིན་ཨ་ཡུབ་ཁཱན་གཉིས་ཀྱིས་(INDUS)ཆིངས་ཡིག་ཅེས་པ་བཞག་ཡོད་པ་དང་། དེ་ནི་ཕྱོགས་གཉིས་བར་གཙང་པོ་དེ་དང་དེའི་ཆུ་ལག་རྣམས་བགོ་བཤའ་བྱས་ནས་བེད་སྤྱོད་གཏོང་ཕྱོགས་ཐད་ཀྱི་ཆིངས་ཡིག་ཅིག་ཡིན་འདུག ཉེ་ཆར་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པས། ཟླ་འདིའི་ཚེས་༢༦ ཉིན་རྒྱ་གར་གྱི་སྲིད་བློན་མོ་ཌེ་ཡིས་ཆུ་དང་ཁྲག་གཉིས་མཉམ་དུ་རྒྱུག་མི་ཐུབ་ཅེས་བརྗོད་ནས། ཁོང་གིས་འགོ་ཁྲིད་པའི་ལྷན་ཚོགས་ཤིག་གིས་ཆིངས་ཡིག་དེར་བསྐྱར་ཞིབ་བྱས་ཡོད་འདུག་ཀྱང་། ད་ལྟའི་ཆར་ཐག་གཅོད་གང་ཡང་བྱས་མེད་འདུག དེ་དང་འབྲེལ་ནས་པ་ཀི་སི་ཐན་གྱིས་གལ་ཏེ་རྒྱ་གར་གྱིས་ཆིངས་ཡིག་དེ་ཕྱིར་བསྡུ་བྱས་ཚེ། དེ་ནི་དམག་གི་བྱེད་ལས་ཤིག་ལ་ངོས་འཛིན་བྱེད་ཆོག་གི་ཡོད་པས། རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུགས་བྱེད་ཆོག་གི་ཡོད་སྐོར་བརྗོད། ཟླ་འདིའི་ཚེས་༢༧ ཉིན་ཆིངས་ཡིག་དེའི་བར་འདུམ་པ་འཛམ་གླིང་དངུལ་ཁང་ལ་གནད་དོན་དེའི་སྐོར་ཞུ་གཏུག་བྱས་ཡོད་འདུག་པ་དང་། དེ་བཞིན་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཡང་དེའི་སྐོར་སྐད་ཆ་བཤད་པར་སྐུ་ཚབ་ཁག་ཕྱིན་ཡོད་འདུག
ཕྱོགས་གཉིས་ཀྱི་འབྲེལ་ལམ་གྱི་གནས་སྟངས་དང་འབྲེལ་ནས། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། རྒྱ་གར་གྱི་བརྒྱུད་ལམ་ཁག་ལ་རྒྱ་ནག་ནི་པ་ཀི་སི་ཐན་དང་རྒྱ་གར་གཉིས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་ཅན་ཞིག་ཡིན་པའི་ཆ་ནས། ཕྱོགས་གཉིས་ཀྱིས་ཚུལ་མཐུན་ངང་རྩོད་རྙོག་སེལ་ཐབས་སུ་གྲོས་མོལ་བརྒྱུད་འབྲེལ་ལམ་ཡར་རྒྱས་གཏོང་བའི་རེ་བ་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
