རྒྱ་གར་དང་ཡུ་རོབ་ཀྱི་དཔལ་འབྱོར་ལས་གཞིས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་ལ་འགོག་རྐྱེན་བཟོ་སྲིད་དམ།

ཉེ་ཆར་རྒྱ་གར་ནང་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་འཚོགས་སྐབས་སུ་ཟུར་དུ་ཨ་རི་དང་རྒྱ་གར། སོ་དྷི་ཨ་རབ་བཅས་ཀྱི་འགོ་ཁྲིད་རྣམས་ཐུག་འཕྲད་བྱས་ནས་རྒྱ་གར་དང་དཀྱིལ་ཤར་ཡུལ་གྲུ། ཡུ་རོབ་བཅས་ཀྱི་དཔལ་འབྱོར་ལས་གཞི་ཞིག་འགོ་འཛུགས་བྱེད་རྒྱུའི་གྲོས་མཐུན་བྱུང་ཡོད་པ་དང་། དཔལ་འབྱོར་ལས་གཞི་དེ་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་ལ་ཁ་གཏད་ལྟ་བུར་འགྱུར་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པ་དག་གིས་རྗོད་ཀྱི་འདུག 

ཕྱི་ཚེས་༢  ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་སྔོན་རྒྱ་གར་ནང་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ཚོགས་ཆེན་སྐབས་སུ་རྒྱ་གར་དང་ཨ་རི། སོ་དྷི་ཨ་རབ་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་རྣམས་ཟུར་དུ་ཐུག་འཕྲད་བྱས་ནས་རྒྱ་གར་དང་དཀྱིལ་ཤར་ཡུལ་གྲུ། ཡུ་རོབ་བཅས་ཀྱི་དཔལ་འབྱོར་གྱི་ལས་གཞི་ཞིག་འགོ་འཛུགས་བྱེད་རྒྱུའི་གྲོས་མཐུན་བྱུང་ཡོད་པར་བརྗོད་འདུག ལོ་སྔོན་མ་ཨ་རིའི་སྲིད་འཛིན་ཇོ་བྷན་ཌན་དང་སོ་དྷི་ཨ་རབ་ཀྱི་རྒྱལ་སྲས་(Mohammed bin Salman)གཉིས་བར་གྲོས་བསྡུར་བྱུང་ཡོད་པ་ལྟར། འདི་ལོ་རྒྱ་གར་ཡང་མཉམ་ལས་དེའི་ནང་འཛུལ་ནས་the India-Middle East-Europe Economic Corridor (IMEC) ཟེར་བའི་རྒྱ་གར་དང་དཀྱིལ་ཤར་ཡུལ་གྲུ ཡུ་རོབ་བཅས་ཀྱི་དཔལ་འབྱོར་ལས་གཞི་ཟེར་བའི་གྲོས་མཐུན་ཞིག་ཁྱབ་བསྒྲགས་བྱས་ཡོད་འདུག དཔལ་འབྱོར་གྱི་ལས་གཞི་དེའི་ནང་གཞུང་ལམ་བཟོ་སྐྲུན་དང་། ཨེ་ཤེ་ཡ་དང་ཡུ་རོབ་བར་ལ་མེ་འཁོར་ལྕགས་ལམ་དང་གྲུ་གཟིངས་ཀྱི་འགྲིམ་འགྲུལ་གཞུང་ལམ་འཛུགས་རྒྱུ། འཕྲུལ་རིགས་ཐོག་མཉམ་ལས་བྱེད་རྒྱུ་བཅས་ཡིན་འདུག དེ་བཞིན་ས་ཁུལ་དེ་དག་ནང་གི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཡིན་པ་མ་ཟད། རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཡང་ཡིན་པ་སྦི་སྦི་སིའི་གསར་ཁང་གི་ཕྱི་འབྲེལ་གྱི་སྲིད་བྱུས་ཟེར་བའི་དུས་དེབ་རྩོམ་སྒྲིག་པ་(Ravi Agarwal)་ཟེར་བ་དེ་ཡིས་བརྗོད་འདུག ད་དུང་ཁོང་གིས་དཔལ་འབྱོར་གྱི་ལས་གཞི་དེ་ལས་ཨ་རི་ལ་དཔལ་འབྱོར་གྱི་ཁེ་ཕན་གང་ཡང་མེད་ཀྱང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ལ་གདོང་ལེན་བྱེད་བཞིན་པའི་རྒྱལ་ཁབ་ཉི་ཧོང་དང་ལྷོ་ཀོ་རི་ཡ་ཡང་ལས་གཞི་དེའི་ནང་ཚུད་ཐབས་ཆེད་དུ་ཡིན་པར་བརྗོད་པ་དང་། ལས་གཞི་དེ་རྒྱ་ནག་གིས་ལྷོ་ཨེ་ཤེ་ཡ་དང་། དབུས་ཨེ་ཤེ་ཡ། ཨུ་རུ་སུ། ཡུ་རོབ་བཅས་ལ་མཐུད་པའི་འཛུགས་སྐྲུན་ལས་གཞི་བརྒྱུད་གཅིག་ལམ་གཅིག་དེ་འགོག་ཐབས་ཆེད་དུ་ཡིན་པར་ཡང་བརྗོད་འདུག 

འདི་ལོ་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་འགོ་བཙུགས་ནས་མི་ལོ་བཅུ་ཕྱིན་གྱི་ཡོད་ཀྱང་། ད་ཆར་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གི་ལས་གཞི་དེའི་ནང་འཛུལ་མཁན་རྒྱལ་ཁབ་འགའ་ཤས་ཕྱིར་ཐོན་འདོད་བྱེད་ཀྱི་ཡོད་པར་རྗོད་མཁན་ཡོད་འདུག དཔེར་ན། ཨི་ཊ་ལི་དང་། ཤི་རི་ལིང་ཀ ཛམ་བྷི་ཡ་སོགས་རྒྱ་ནག་གི་བུ་ལོན་གྱི་ཞགས་ཐག་ནང་འཛུལ་ཡོད་པ་དང་། ལས་གཞི་དངོས་སུ་འགོ་འཛུགས་བྱེད་དུས་རང་གི་འདོད་མོས་གཞིར་བཟུང་ཡག་པོ་ཡོང་གི་མེད་པ་རྟོགས་རྗེས་ད་ཆར་ཕྱིར་ཐོན་ཐབས་བྱེད་བཞིན་ཡོད་འདུག དེ་བཞིན་རྒྱ་ནག་གི་ལས་གཞི་དེ་ལ་ཕྱི་ནང་གཉིས་ནས་སྐྱོན་བརྗོད་མང་པོ་ཞིག་ཡོང་གི་ཡོད་འདུག ལས་གཞི་དེའི་ནང་འཛུལ་རྗེས་ལས་གཞི་སྤེལ་ཡུལ་གྱི་ས་ཁུལ་གྱི་དགོས་མཁོ་ལ་དོ་སྣང་མི་བྱེད་པ་དང་། ལས་གཞི་དེའི་ལས་དོན་གྱི་གནད་དོན་མང་པོའི་ཐོག་ཕྱི་གསལ་ནང་གསལ་མེད་པ། ལས་གཞི་སྤེལ་ཡུལ་གྱི་རྒྱལ་ཁབ་དེའི་བདག་དབང་ལ་བརྩི་སྲུང་མེད་པ། ཉེ་འཁོར་གྱི་ཁོར་ཡུག་ལ་དོ་སྣང་མེད་པ། ལྐོག་ཟ་རུལ་སུངས་བྱེད་པ། དོན་དངོས་ཐོག་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུར་ཁེ་ཕན་མེད་པ་སོགས་ཡོང་གི་ཡོད་པ་(the Observer Research Foundation think-tank)་ཟེར་བའི་ཉམས་ཞིབ་བལྟི་གནས་ཁང་གི་ཉམས་ཞིབ་པ་(Girish Luthra) ཡིས་བརྗོད་འདུག རྒྱ་ནག་གིས་ལས་གཞི་དེ་ལ་ཁྱོན་ཨ་སྒོར་ཁྲག་ཁྲིག་ཆེན་པོ་གཅིག་(1 trillion ) བཏང་ཡོད་འདུག་ལ། ཁྱོན་རྒྱལ་ཁབ་༥༠ ཙམ་ལས་གཞི་དེའི་ནང་མཉམ་ཞུགས་བྱས་ཡོད་འདུག 

ཐེངས་འདིའི་ལས་གཞི་(IMEC )ཟེར་བ་དེ་རྒྱ་ནག་གི་ལས་གཞི་ལ་ཁ་གཏད་གཅོག་ཆེད་ལས་གཞི་དང་པོ་དེ་མ་ཡིན་ཏེ།  དེ་སྔོན་ཨ་རི་དང་(G7) ཡིས་གོ་ལའི་འཛུགས་སྐྲུན་ལས་གཞི་ལ་དམིགས་ནས་ (Global Gateway)ཟེར་བའི་ལས་གཞི་དེ་ཕྱི་ལོ་༢༠༢༢ ནང་འགོ་འཛུགས་བྱས་ཡོད་པ་དང་། ཕྱི་ལོ༢༠༢༧ བར་ཨ་སྒོར་ཐེར་འབུམ་༦༠༠ཡི་འཛུགས་སྐྲུན་ལས་གཞི་སྤེལ་འཆར་ཡོད་པ་དང་། ལས་གཞི་དེ་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་ལ་ཁ་གཏད་གཅོག་ཆེད་ཡིན་འདུག IMECཟེར་བའི་ལས་གཞི་དེའི་ནང་ཁྱོན་རྒྱལ་ཁབ་༣༠ ཙམ་མཉམ་ཞུགས་བྱེད་རྒྱུ་ཡིན་འདུག་ལ། ཡོང་རྒྱུའི་ཉིན་གྲངས་༦༠ ནང་ལས་གཞི་དེ་འགོ་འཛུགས་བྱེད་རྒྱུ་ཡིན་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།