རྒྱ་གར་དང་རྒྱ་ནག་གཉིས་ཀྱི་དམག་འཁྲུག་སྐོར་གྱི་གློག་བརྙན་གསར་བཟོ།

ཕྱི་ལོ་༢༠༢༦ ཟླ་༡ ཚེས་༨ ཉིན་བྷི་བྷི་སི་(BBC)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༡༩༦༢ ལོར་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་ཆེན་པོ་བྱུང་ནས་ཕྱོགས་གཉིས་ཀའི་དམག་མི་ཤི་རྨས་ཚབས་ཆེན་བྱུང་ཡོད་པ་དང་། རྒྱ་གར་གྱི་དམག་མི་༧༠༠༠ ཙམ་གྱི་སྲོག་དམག་འཁྲུག་དེའི་ནང་ཤོར་ཡོད་འདུག་ལ། ས་ཆ་སྤྱི་ལེ་གྲུ་བཞི་མ་༣༨༠༠༠ ཙམ་རྒྱ་ནག་གི་དམག་མིར་ཤོར་ཡོད་འདུག རྒྱ་དཀར་ནག་གཉིས་བར་ཕྱི་ལོ་༡༩༦༢ ལོར་དམག་འཁྲུག་ཆེན་པོ་ཞིག་བྱུང་ཡོད་པ་དང་། སྐབས་དེ་དུས་རྒྱ་གར་གྱི་དམག་མི་ཁྱོན་༧༠༠༠ ཙམ་གྱི་སྲོག་ཤོར་ཡོད་འདུག་ལ། དཔའ་བོ་༡༢༠ ཞེས་པའི་གློག་བརྙན་དེ་ནི་རྒྱ་གར་གྱི་བྷོ་ལི་ཝོས་ཌི་གློག་བརྙན་བཟོ་སྐྲུན་ཁང་(Bollywood)ནས་བཟོས་ཡོད་འདུག

པར། བྷི་བྷི་སི།

གློག་བརྙན་དེ་གཙོ་བོ་རྒྱ་གར་གྱི་དམག་མི་ཚོས་ལ་དྭགས་ཁུལ་དུ་གྲང་ངར་ཆེ་བའི་རེ་ཟང་ལ་(Rezang La)ཞེས་པའི་འགག་སྒོ་དེ་སྲུང་སྐྱོབ་ཆེད་དུ། རྒྱ་གར་གྱི་དམག་མི་ཚོས་དཔའ་ངར་ཆེན་པོའི་ཐོག་ནས་རྒྱ་དམག་ལ་ཕར་རྒོལ་བྱས་པའི་སྐོར་ཡིན་འདུག གློག་བརྙན་དེའི་ནང་འཁྲབ་སྟོན་པ་གཙོ་བོ་ཕར་ཧན་ཨག་ཐར་(Farhan Akhtar) གྱིས་རྒྱ་གར་གྱི་དམག་དཔོན་(Shaitan Singh)ཞེས་པ་དེ་འཁྲབ་ཡོད་འདུག
གློག་བརྙན་དེའི་གཏམ་བརྗོད་རྩོམ་པ་པོ་(Sumit Arora) ཡིས་བྷི་བྷི་སི་གསར་ཁང་ལ་བརྗོད་དོན། ང་ཚོས་ལོ་རྒྱུས་དེ་མི་མང་ལ་བཤད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དངོས་བྱུང་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གལ་ཆེན་དག་ལ་རྗེས་དྲན་དང་གུས་བཀུར་བྱེད་རྒྱུ་ནི་ང་ཚོའི་འོས་འགན་རེད། གློག་བརྙན་དེའི་ནང་དགོས་མཁོའི་དབང་གིས་ཆ་ཤས་འགའ་ཤས་བཟོ་བཅོས་རྒྱག་དགོས་བྱུང་ཡོད་ཀྱང་། གློག་བརྙན་འདི་ལོ་རྒྱུས་དངོས་དང་ཧ་ཅང་མཐུན་པོ་ཡོད་ཅེས་བརྗོད་འདུག དམག་འཁྲུག་དེ་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་རྩོད་རྙོག་བྱུང་བ་དང་། དེ་སེལ་ཐབས་སུ་གྲོས་མོལ་ལམ་ལྷོང་མ་བྱུང་བའི་རྐྱེན་གྱིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པའི་སྐབས་སུ་དམག་འཁྲུག་དེ་བྱུང་བ་རེད་ལ། ལྷག་པར་དུ་ཕྱི་ལོ་༡༩༥༩ ལོར་བོད་ནང་ཞི་བའི་ངོ་རྒོལ་བྱུང་རྗེས་༧གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ནས་རྒྱ་གར་གཞུང་གིས་ཁོང་ལ་སྐྱབས་བཅོལ་གནང་བར། པེ་ཅིང་གཞུང་མ་དགའ་བ་ཆེན་པོ་བྱུང་ཡོད་པ་རེད་ཅེས་བརྗོད་འདུག
ཟླ་བ་གཅིག་རིང་གི་དམག་འཁྲུག་དེ་ཕྱི་ལོ་༡༩༦༢ ཟླ་༡༠ ཚེས་༢༠ ཉིན་རྒྱ་ནག་གིས་རྒྱ་གར་ལ་བཙན་འཛུལ་འགོ་བཙུགས་པ་ཞིག་ཡིན་པ་དང་། པེ་ཅིང་གིས་དེ་ནི་རང་སྲུང་གི་ལན་འདེབས་ཤིག་ཡིན་པ་དང་། ལྡི་ལིས་རྒྱ་ནག་གི་ས་ཁོངས་དང་མཁའ་དབྱིངས་ལ་བཙན་འཛུལ་བྱས་ཡོད་ཚུལ་ཁ་གཡར་ནས་བརྗོད། ཟླ་བ་གཅིག་གི་རྗེས་སུ་རྒྱ་ནག་གི་ཕྱོགས་ནས་དམག་མཚམས་བཞག་པ་དང་། དམག་མི་ཕྱིར་འཐེན་དང་བཙོན་པ་གློད་གྲོལ་བཏང་། འོན་ཀྱང་དེ་དུས་རྒྱ་གར་གྱི་དམག་མི་༧༠༠༠ ཙམ་ཤི་རྨས་དང་། ས་ཆ་སྤྱི་ལེ་གྲུ་བཞི་མ་༣༨༠༠༠ ཙམ་ཤོར་ཟིན། ཕྱིས་སུ་རྒྱལ་ཁབ་གཉིས་པོ་སྤྱི་ལེ་༣༤༤༠ ཡོད་པའི་དངོས་ཡོད་ཚོད་འཛིན་ས་ཐིག་ (Line of Actual Control) གིས་སོ་སོར་ཕྱེ་ཡོད་པ་བརྗོད། པེ་ཅིང་གཞུང་གིས་དམག་འཁྲུག་དེའི་སྐོར་ལ་གཞུང་འབྲེལ་གྱི་གནས་ཚུལ་ཉུང་ཉུང་ལས་བཤད་མེད། ཁོ་ཚོས་རྒྱ་ནག་དམག་མིས་རྒྱ་གར་གྱི་དམག་སྒར་རྣམས་མེད་པར་བཟོས་པ་བཤད་པ་ལས་རེ་ཟང་ལའི་དམག་འཐབ་སྐོར་ལ་ད་བར་གང་ཡང་བཤད་མེད་པ་བརྗོད། ལ་དྭགས་རེ་བཟང་ལ་དམག་འཐབ་དེ་ནི་རྒྱ་མཚོའི་ངོས་ལས་མི་ཊར་༤༩༠༠ ལྷག་གི་ས་བབས་མཐོ་སར་བྱུང་བའི་དམག་འཁྲུག་ཅིག་ཡིན་འདུག འོན་ཀྱང་། དམག་འཁྲུག་དེའི་ནང་རྒྱ་ནག་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་འདུག་ཅིང་། རྒྱ་གར་གྱི་དམག་མི་ཕོན་ཆེན་ཤི་རྨས་བྱུང་ཡོད་པས། རྒྱ་གར་ནང་འཐབ་འཁྲུག་དེ་ནི་ལོ་རྒྱུས་རང་བཞིན་གྱི་དམག་འཁྲུག་ཅིག་དང་། དེའི་སྐོར་མཐའ་མའི་འགོག་རྒོལ་རླབས་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག་ལ། དེ་དྲན་གསོའི་ཆེད་དུ་དཔེ་དེབ་དང་གློག་བརྙན་མང་པོ་བཟོ་སྐྲུན་བྱེད་རྒྱུར་སེམས་ཤུགས་སྤྲད་ཡོད་པ་བརྗོད་འདུག
རེ་བཟང་ཞེས་པའི་འགག་སྒོ་ཐོག་ཏུ་དམག་འཐབ་དེ་ཕྱི་ཟླ་༡༡ ཚེས་༡༨ ཉིན་གྱི་ཞོགས་པའི་ཆུ་ཚོད་༣:༣༠ ནས་༨:༡༥ བར་བྱུང་ཡོད་འདུག རྒྱ་ནག་གི་དམག་མི་༣༠༠༠ ཙམ་གྱིས་རྒྱ་གར་གྱི་དམག་མི་༡༢༠ ལ་ཚུར་རྒོལ་བྱས་ཡོད་འདུག སྐབས་དེ་དུས་རྒྱ་གར་གྱི་དམག་མི་༡༢༠ ཡོད་པའི་ནང་ནས་༥ མ་གཏོགས་གསོན་པོར་ལྷག་ཡོད་མི་འདུག གྲོངས་མཁན་གྱི་ནང་དུ་ཡོད་པའི་དམག་དཔོན་(Shaitan Singh)ཁོང་གི་སྙིང་སྟོབས་དང་འགོ་ཁྲིད་ཀྱི་ནུས་པ་ལ། རྒྱ་གར་གྱི་དམག་དོན་གཟེངས་རྟགས་མཐོ་ཤོས་(Param Vir Chakra)དེ་ཁོང་ལ་གནང་ཡོད་འདུག་ལ། དམག་མི་གཞན་རྣམས་ལ་ཡང་དཔའ་མཛངས་རྟགས་མ་(Vir Chakra)ཞེས་པ་དེ་ཐོབ་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།