རྒྱ་གར་དང་ཨ་རིའི་འབྲེལ་བ་གར་འགྲོ་ཆ་མེད་ཀྱི་གནས་སུ་ལྷུང་བ།
རྩོམ་པ་པོ། ཡེ་ཤེས་རྡོ་རྗེ།
རྒྱ་གར་དང་ཨ་རིའི་འབྲེལ་བ་བསྐྱར་གསོ་བྱེད་ཐུབ་བམ་ཟེར་བ་དེ་བློ་བུར་དུ་བྱུང་བའི་ཡིད་སྐྱོ་དགོས་པའི་དྲི་བ་གསར་པ་ཞིག་རེད། རྒྱ་གར་ལ་རྒྱུས་ལོན་ཆེན་པོ་ཡོད་པའི་ཨ་རིའི་དཔྱད་གཏམ་པ་ཁ་ཤས་ཀྱིས་འདི་ནི་ནམ་ཡང་ཞིག་གསོ་ཡོང་མི་ཐུབ་པའི་ཡུལ་གཉིས་ཀྱི་འབྲེལ་བའི་གོད་ཆགས་ཤིག་རེད་ཟེར། དོན་དངོས་ཀྱི་གནས་སྟངས་ཐོག་ནས་རྒྱ་ནག་གིས་རྒྱ་གར་ལ་སྤྲོད་པའི་ཉེན་ཁ་དང་། ཨ་རི་དང་རྒྱ་ནག་བར་ལ་ཡོད་དགོས་པའི་འགལ་བ་གཉིས་ལ་བལྟས་ན། ཨ་རི་དང་རྒྱ་གར་བར་འབྲེལ་བ་མི་བྱེད་རང་བྱེད་ལྟ་བུ་ཞིག་རེད་བསམ། འོན་ཀྱང་དེ་ཙམ་གྱི་བསམ་བློ་ཁོ་ན་ལ་ཆ་འཇོག་ཐུབ་པ་ཞིག་རེད་མི་འདུག
མ་གཞི་རྒྱ་གར་གྱིས་ཡུག་ཁི་རེན་ལ་གཞི་མེད་བཙན་འཛུལ་བྱེད་མཁན་ར་ཤི་ཡའི་ས་ནས་རྡོ་སྣུམ་མུ་མཐུད་ནས་ཉོ་བའི་བྱ་སྤྱོད་འདི་ནི་ཕྱོགས་མང་པོས་སྐྱོན་བརྗོད་དང་འཁང་ར་བྱེད་ས་ཞིག་རེད་ལ། མང་གཙོའི་ལམ་ལུགས་ཅན་གྱི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པའི་ཆ་ནས་ར་ཤིས་ཡའི་བཙན་འཛུལ་གྱི་ནུས་པ་རྒྱུན་འཁྱོང་བྱེད་པར་ཕན་ཐོགས་པའི་བྱ་བ་བྱེད་པ་ནི་བློ་ཕམ་བྱེད་ཡུལ་ཞིག་ཡིན་པ་ཀུན་གྱིས་ངོས་འཛིན་ལོས་བྱེད། འོན་ཀྱང་དེ་དང་མཉམ་དུ་རྒྱ་གར་གྱི་སྡོད་ས་ལ་བསྡད་ནས་བསམ་བློ་ཞིག་བཏང་བ་ཡིན་ན། འདི་ནི་དེ་ལྟ་བུའི་ལས་སླ་མོ་ཞིག་ཀྱང་རེད་མི་འདུག
རྒྱ་གར་ནི་དབྱིན་ཇི་ལས་རང་བཙན་ཐོབ་ནས་བཟུང་ནུབ་ཕྱོགས་ཀྱི་སྟོབས་ཤུགས་ལ་ཡིད་ཆེས་མི་བྱེད་པའི་རྩ་དོན་བཟུང་བའི་རྒྱལ་ཁབ་གཅིག་རེད། དེ་ལ་བརྟེན་ནས་ཁོང་ཚོས་ནུབ་ཕྱོགས་ཀྱི་ཁ་གཏད་ཤོག་ཁག་སྟེ་སུའུ་ལེན་ལ་འབྲེལ་བ་བྱེད་རྒྱུར་བདམས་ནས། སུའུ་ལེན་དང་དུས་ཕྱིས་ཀྱི་ར་ཤིས་ཡ་ལ་བརྟེན་ནས་རང་གི་དམག་དོན་གྱི་ནུས་པ་ཡར་རྒྱས་བཏང་ཡོད། ཉེ་བའི་ལོ་རབས་གཅིག་ལྷག་ཙམ་ནས་བཟུང་ཡོད་ཚད་ར་ཤི་ཡར་མི་བརྟེན་པའི་ལང་ཕྱོགས་ཀྱི་འོག་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་གོ་མཚོན་ཉོས་ཡོད་མོད། ད་དུང་ཡང་རྒྱ་གར་གྱི་དམག་དོན་ཡོ་ཆས་བརྒྱ་ཆ་༦༠་ནས་༧༠་ཙམ་ར་ཤི་ཡའི་གོ་མཚོན་རེད་ཟེར།
ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཡུལ་དེའི་དམག་དོན་གྱི་ཁ་ཕྱོགས་དེ་དཀྱིལ་ཤར་ཁུལ་ནས་རྒྱ་ནག་གི་ཐོག་ལ་ཁ་ཕྱོགས་བསྒྱུར་བ་དང་། ཨ་རིའི་མཚོ་དམག་བརྒྱ་ཆ་༦༠་ཤར་ཨེ་ཤི་ཡའི་ཕྱོགས་ལ་ཁ་བསྒྱུར་རྗེས། ཕྱི་ལོ་༢༠༡༦ ལོར་ཁོང་གིས་རྒྱ་གར་རྒྱལ་ཁབ་དེ་བཞིན་གལ་ཆེ་བའི་རྒྱལ་སྲུང་འཐབ་གྲོགས་ (Major Defense Partner) ཟེར་བའི་མཐུན་གྲོགས་བཟོས་ནས་བཟུང་། རྒྱལ་སྤྱིའི་ཐོག་ཨ་རི་དང་རྒྱ་གར་གཉིས་རྒྱ་ནག་ལ་གདོང་ལེན་བྱེད་ཆེད་མཐུན་གྲོགས་སུ་གྱུར་ཡོད་པ་ཡོངས་གྲགས་ཆགས་པ་དང་། དེ་ནས་བཟུང་རྒྱ་གར་གྱིས་ཨ་རིའི་ཕྱོགས་སུ་གོམ་ཁ་བསྒྱུར་ཡོད་མོད། ར་ཤི་ཡ་དང་རྒྱ་གར་བར་འགལ་བ་གང་ཡང་མེད་ཐོག་སྲོལ་རྒྱུན་གྱི་མཐུན་གྲོགས་ཤིག་ཡིན་པའི་ཆ་ནས་ལམ་སེང་ར་ཤི་ཡ་དང་འབྲེལ་བ་ཡོངས་སུ་གཅོད་བདེ་པོ་ག་ལ་ཡོད། དེ་བཞིན་ལོ་རབས་མང་པོར་ཡིད་མི་ཆེས་སའི་རྒྱལ་ཁབ་གཅིག་ལ་བློ་བུར་དུ་བློ་བརྒྱ་ཆ་༡༠༠ ཐམ་པ་འགེལ་ཐུབ་རྒྱུ་ཡང་ཁག་པོ་ཡིན་གྱི་རེད།
འོན་ཀྱང་རྒྱ་གར་གྱིས་ཨ་རི་དང་མཉམ་དུ་འབྲེལ་བ་ཇེ་ཉེ་ནས་ཇེ་ཉེར་བཏང་ཞིང་། གནས་སྐབས་ར་ཤི་ཡ་དང་མཉམ་དུ་འབྲེལ་བ་མུ་མཐུད་ནས་བྱས་པ་དེར། ཇོ་བྷ་ཌན་དང་དེའི་གོང་གི་ཨ་རིའི་འགོ་ཁྲིད་ཚོས་བཟོད་བསྲན་དང་བསམ་གཞིག་བྱས་ཡོད་རེད་ལ། དེ་འདྲ་བྱེད་རྒྱུ་དེ་ཡང་ཕུགས་རྒྱང་རིང་པོའི་ཨ་རིའི་ཁེ་ཕན་ལ་དམིགས་པའི་ཐབས་ཇུས་ཤིག་ཡིན་པ་བརྗོད་ཅི་དགོས།
ཡིན་ཡང་སྲིད་འཛིན་ཊོམ་གྱིས་ཉག་ཕྲ་ཞིང་གལ་འགངས་ཆེ་བའི་ཡུལ་གཉིས་ཀྱི་འབྲེལ་བ་དེ་ལྟ་བུར་སྣང་མེད་དུ་བཏང་དོན་ཅི་ཡིན་ནམ། ཁ་སང་གཟའ་ཕུར་བུའི་ཉིན་མོ་སི་ཀོར་བསྐྱོད་པའི་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇེ་ཤཱང་ཀར་གྱིས། ར་ཤི་ཡ་ནས་རྡོ་སྣུམ་ནང་འདྲེན་མང་ཤོས་བྱེད་མཁན་རྒྱ་ནག་ཡིན་ཡང་དེ་ལ་སྒོ་ཁྲལ་མ་སྤར་བར་རྒྱ་གར་ལ་རྒྱ་ནག་ལས་ཆེ་བའི་སྒོ་ཁྲལ་རྒྱག་པ་དེ་ནི། རྒྱུ་མཚན་གྱི་ཆ་ནས་མིའི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད།
གནས་ཚུལ་བྱུང་རིམ་ལ་བལྟས་ན་རྒྱ་གར་ལ་སྒོ་ཁྲལ་སྤར་བའི་རྒྱུ་མཚན་ངོ་མ་དེ་གཅིག་བྱས་ན་རྡོ་སྣུམ་གྱི་གནད་དོན་ཡིན་མིན་ཐེ་ཚོམ་བྱེད་འོས་པ་ཞིག་རེད། སྲིད་འཛིན་ཌོ་ནལ་ཊོམ་གྱིས་རང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འཐོབ་རྒྱུའི་རེ་འདུན་བྱེད་བཞིན་པ་ཀུན་གསལ་ཡིན་ཞིང་། ཁོང་སྲིད་འཛིན་ཆགས་ནས་ད་བར་དམག་འཁྲུག་དྲུག་མཚམས་འཇོག་བྱས་ཡོད་ཅེས་ཤོད་ཀྱི་ཡོད་པའི་གྲས་ནས། ཉེ་ལམ་རྒྱ་གར་དང་པ་ཀི་སི་ཐན་བར་གྱི་དམག་འཁྲུག་ཕྱིར་འཐེན་བྱུང་བ་དེ་ཁོང་གིས་བཟོས་པ་ཡིན་ཞེས་བརྗོད་ཡོད། འོན་ཀྱང་རྒྱ་གར་གྱིས་དེར་ངོས་ལེན་མ་བྱས་པར་དམག་འཁྲུག་ཕྱིར་འཐེན་བྱས་པ་དེའི་ནང་ཊོམ་གྱིས་བྱ་བ་གང་ཡང་བྱས་མེད་རྗོད་ཀྱི་ཡོད་པ་རེད། ཡིན་ཡང་པ་ཀི་སི་ཐན་གྱིས་ལམ་སེང་སྲིད་འཛིན་ཊོམ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་འདོན་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པ་རེད། ཡ་མཚན་པ་ཞིག་ལ་དེང་སང་སྐུ་ཞབས་ཊོམ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་སྤྲོད་འོས་པའི་སྐད་ཆ་དེ། ཁོང་ལ་ངོ་དགའ་འཁྲབ་བྱེད་ཀྱི་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་ཆགས་འདུག གང་ལྟར་གནས་ཚུལ་དེ་འགོ་བཙུགས་ནས་དུས་ཚོད་རིང་པོ་མ་སོང་བར་བློ་བུར་དུ་རྒྱ་གར་ལ་བསམ་ཡུལ་ལས་འདས་པའི་སྒོ་ཁྲལ་དེ་སྤར་ཡོད།
ཕྱི་ལོ་༢༠༡༥་ལོར་སྲིད་འཛིན་ཨོ་བྷ་མས་དེའི་གོང་དུ་རྒྱ་གར་ཐོག་བཀལ་བའི་ཨ་རིའི་ཉེས་ཆད་ཕྱིར་འཐེན་བཟོས་རྗེས། རྒྱ་གར་གྱིས་ཨ་རིའི་ས་ནས་ཀྱང་རྡོ་སྣུམ་ནང་འདྲེན་བྱས་དང་བྱེད་མུས་རེད་འདུག་ལ། འདས་པའི་ལོ་འགའི་རིང་ཨ་རི་ནས་ནང་འདྲེན་བྱེད་ཤུགས་ལོ་རེ་ནས་ལོ་རེ་ཇེ་མང་དུ་བཏང་འདུག
འོན་ཀྱང་བར་ལམ་གྱི་སྒོ་ཁྲལ་གྱིས་ཨ་རི་དང་རྒྱ་གར་བར་གྱི་འབྲེལ་བའི་སྒོ་ང་དེ་ཁ་ཡོངས་སུ་མ་བྱེ་སྔོན་ནས་རྡོ་ལ་བརྒྱབ་པ་ལྟ་བུ་ཞིག་ཆགས་ཡོད་ཉེན་ཆེ་ལ། དེས་རྒྱ་གར་གྱིས་ཨ་རིའི་ཐོག་ལ་འཇོག་འགོ་བཙུགས་པའི་ཡིད་ཆེས་དེར་རྨ་ཁ་བཟོས་ཡོད་པ་ནི། རྒྱ་གར་གྱི་སྲིད་དོན་མི་སྣ་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་རྗོད་བཞིན་པའི་སྐད་ཆ་ཙམ་མ་ཡིན་པར། དོན་དངོས་སུ་རྒྱ་གར་གཞུང་གི་ལངས་ཕྱོགས་དེ་ཨ་རི་ལས་དཔག་ཚད་འགའི་ཕར་ཕྱོགས་སུ་བསྐྱོད་ཡོད་པར་མངོན།
དཔེར་ན་ཁ་སང་གཟའ་ཕུར་བུའི་ཉིན་མོ་སི་ཀོར་རྒྱ་གར་དང་ར་ཤི་ཡའི་བར་ཚོང་འབྲེལ་སྔར་བས་རྒྱ་ཆེ་རུ་གཏོང་རྒྱུའི་གྲོས་མཐུན་བཞག་འདུག་ལ། རྒྱ་ནག་གིས་ད་ལྟའི་གོ་སྐབས་འདི་སྐར་ཆ་གཅིག་ཀྱང་ཆུད་ཟོས་སུ་མ་བཏང་བར་ཡུལ་དེའི་ཕྱི་སྲིད་བློན་ཆེན་རྒྱ་གར་ལ་བསྐྱོད་པ་མ་ཚད། ཡུལ་གཉིས་བར་སླར་ཡང་གནམ་གྲུ་ཤར་གཏོང་བྱེད་རེས་དང་ཚོང་འབྲེལ་ཡར་རྒྱས་གཏོང་རྒྱུ། རྒྱ་ནག་གིས་རྒྱ་གར་ལ་དགོས་པའི་ཐོན་དཀོན་པའི་ས་གཏེར་ཕྱིར་གཏོང་བྱེད་རྒྱུའི་ཁས་ལེན་བྱས་པ་སོགས་ཡུལ་གཉིས་བར་གྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་ལ་འབད་བརྩོན་བྱེད་བཞིན་པ་རེད།
ངས་བསམ་ན་རྒྱ་གར་གྱིས་སྔར་གྱི་ནོར་འཁྲུལ་ལས་བསླབ་བྱ་བླངས་ནས་རྒྱ་ནག་ལ་ཡིད་ཆེས་བྱེད་ཀྱི་རེད་སེམས་ཀྱི་མི་འདུག འོན་ཀྱང་ཨ་རི་དང་མཉམ་དུ་ཡོད་པའི་མཐུན་ཕྱོགས་འདི་བསྐྱར་གསོ་མ་བྱུང་ན་རྒྱ་ནག་གི་ཕྱོགས་ལ་གུ་ཡངས་ཙམ་མི་བྱེད་རང་བྱེད་ཆགས་རྒྱུ་རེད།
སྲིད་འཛིན་མོ་དྷི་སྒེར་ལ་མཚོན་ན་ཡང་ཐེངས་འདིའི་ཊོམ་གྱི་སྤྱོད་ཚུལ་གྱིས་ངོ་ཚ་ཁ་སྐྱེངས་བཟོས་ཡོད་པ་དེ་ནི། རྒྱ་གར་ནང་ཁོང་གི་ཁ་གཏད་ཤོག་ཁག་དང་གསར་ཁང་ཁག་གིས་ཁོང་གིས་རང་ཉིད་སྲིད་འཛིན་ཊོམ་དང་གྲོགས་པ་ཉེ་པོ་ཡིན་ཞེས་བཤད་མྱོང་བ་དེ་བེད་སྤྱད་ནས་ཁོང་ལ་དམའ་འབེབས་དང་འཕྱ་དམོད་བྱེད་ཀྱི་ཡོད་པ་རེད། མདོར་ན་བྱུང་བ་འདི་རྒྱ་གར་རྒྱལ་ཁབ་ཀྱི་ངོས་ནས་ཨ་རི་ལ་ཡིད་ཆེས་མེད་པའི་ལང་ཕྱོགས་རྙིང་པ་དེ་ཡང་དག་ཡིན་པའི་ར་སྤྲོད་བྱས་ཡོད་པའི་འཆར་སྣང་ཡོང་གི་ཡོད་སྲིད་པ་མ་ཚད། སྲིད་བློན་སྒེར་གྱི་ངོས་ནས་ཀྱང་ཨ་རིའི་སྲིད་འཛིན་ལ་ཡིད་ཆེས་ཤོར་ཡོད་ཀྱི་རེད།
གལ་ཏེ་རིམ་བཞིན་ཨ་རི་དང་རྒྱ་གར་གཉིས་བར་འབྲེལ་བ་བསྐྱར་གསོ་བྱུང་བའི་དབང་དུ་བཏང་ཡང་། ཡིད་ཆེས་གཙང་མ་ཡོད་པའི་མཐུན་གྲོགས་ཤིག་ཏུ་འགྱུར་རྒྱུའི་འགྱང་ཐག་སྔར་བས་རིང་དུ་སོང་ཡོད་པ་བརྗོད་མི་དགོས།།