རྒྱ་གར་ནང་གི་དུག་སྦྲུལ་དང་གཅན་གཟན་མང་བའི་ནགས་ཁྲོད་ཀྱི་བྲག་ཕུག་གཅིག་ནས་ཨུ་རུ་སུའི་བུད་མེད་གཅིག་དང་བྱིས་པ་གཉིས་རྙེད་འདུག 

རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀའི་མངའ་སྡེའི་ནང་གི་ཤིང་ནགས་ཧ་ཅང་མཐུག་པོ་ཡོད་པའི་ནགས་ཚལ་ཁྲོད་ཀྱི་བྲག་ཕུག་ཅིག་ནས། ཉེ་ཆར་ཨུ་རུ་སུ་ནས་ཡིན་པའི་བུད་མེད་གཅིག་དང་དེའི་བྱིས་པ་གཉིས་བཅས་རྙེད་ཡོད་འདུག་ཅིང་། བུད་མེད་དེའི་མཐོང་མཆན་དུས་ཡུན་རྫོགས་ནས་ལོ་འགའ་ཤས་ཕྱིན་ཡོད་འདུག་ཀྱང་། དུས་ནམ་ཙམ་ཞིག་ནས་བྲག་ཕུག་དེའི་ནང་གནས་སྡོད་བྱས་ཡོད་མེད་དང་། མི་མེད་ཡུལ་སྟོང་དེ་འདྲ་ཞིག་ཏུ་གང་འདྲ་བྱས་ནས་འཚོ་གནས་ཐུབ་ཡོད་མེད་སོགས་ད་དུང་ཤེས་རྟོགས་གསལ་པོ་ཐུབ་ཡོད་མི་འདུག 

ཕྱི་ཚེས་༡༦ ཉིན་བྷི་བྷི་སི་གཙོས་པའི་གསར་ཁང་མང་པོ་ཞིག་གིས་གནས་ཚུལ་སྤེལ་གསལ། ཨུ་རུ་སུའི་བུད་མེད་གཅིག་དང་ཁོང་མོའི་བྱིས་པ་གཉིས་བཅས་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀ་ན་ཊ་ཀའི་ཤིང་ནགས་ཧ་ཅང་མཐུག་ཅིང་། དུག་སྦྲུལ་དང་གཅན་གཟན་མང་བའི་ས་ཁུལ་ཞིག་གི་བྲག་ཕུག་ནས་ཉེན་རྟོག་པས་རྙེད་འདུག་ལ། བུད་མེད་དེའི་མིང་ལ་ནི་ན་ཀུ་ཊི་ན་(Nina Kutina )ཟེར་ཞིང་རང་ལོ་༤༠ ཡིན་འདུག ཟླ་བ་འདིའི་ཚེས་༩ ཉིན་ས་གནས་ཉེན་རྟོག་པས་རྙེད་སོན་བྱུང་ཡོད་འདུག་པ་དང་། ཁོང་མོ་ལ་བུ་མོ་ཆུང་ཆུང་གཉིས་ཡོད་ཅིང་། གཅིག་ལོ་དྲུག་དང་གཞན་དེ་ལོ་༥ ཡིན་འདུག བུད་མེད་དེ་དང་བྱིས་པ་གཉིས་བཅས་ཁོང་ཚོ་གསུམ་གནས་སྡོད་བྱེད་སའི་ས་ཁུལ་དེ་ཀ་ན་ཊ་ཀའི་མངའ་སྡེ་དང་གྷོ་ཝ་གཉིས་ཀྱི་ས་མཚམས་སུ་ཡོད་པའི་(Gokarna)གྷོ་ཁར་ན་ཟེར་བའི་ཤིང་ནགས་མཐུག་པོ་ཡོད་པའི་ནགས་ཚལ་ཁྲོད་ཀྱི་བྲག་ཕུག་གཅིག་ནང་ཡིན་འདུག 

སྤྱིར་ས་ཁུལ་དེར་ཡུལ་སྐོར་སྤྲོ་འཁྱམ་ཡོང་མཁན་ཧ་ཅང་མང་པོ་ཡོད་འདུག་ཀྱང་། དེར་དུག་སྦྲུལ་དང་གཅན་གཟན། ཆར་དུས་སྐབས་སུ་ས་རུད་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག་པས། ས་གནས་ཉེན་རྟོག་པས་ཡུལ་སྐོར་སྤྲོ་འཁྱམ་པའི་བདེ་འཇགས་ཆེད་དུ་ས་ཁུལ་དེར་རྟོག་ཞིབ་ཆེད་དུ་འགྲོ་དུས། ནགས་ཚལ་ཁྲོད་ཀྱི་བྲག་ཕུག་ཅིག་གི་སྒོ་འགྲམ་དུ་གྱོན་གོས་འགའ་ཤས་སྐམ་ཡོད་པ་ཤེས་རྟོགས་བྱུང་འདུག དེ་ནས་ཉེན་རྟོག་པ་བྲག་ཕུག་དེའི་སྒོ་འགྲམ་དུ་འགྲོ་དུས་བུ་མོ་ཆུང་ཆུང་ཞིག་བྲག་ཕུག་ནས་སྒོར་ཕྱིར་ཐོན་ཡོད་འདུག་ཅིང་། ཉེན་རྟོག་པ་རྣམས་ཧང་སངས་ནས་བྲག་ཕུག་ནང་ཡར་འཛུལ་དུས། བྲག་ཕུག་ནང་དུ་བུད་མེད་གཅིག་དང་བུ་མོ་ཆུང་ཆུང་གཉིས་བཅས་མི་གསུམ་ཡོད་པ་ཤེས་རྟོགས་བྱུང་འདུག ཁོང་གསུམ་པོ་ལ་གྱོན་ཆས་འགའ་ཤས་དང་ཐུག་པ། འགྱིག་ཤོག་ནང་དུ་ཡོད་པའི་བཟའ་ཆས་འགའ་ཤས། དེ་བཞིན་ཧིན་དཱུའི་ཆོས་ལུགས་ཀྱི་ལྷ་ཞིག་གི་པར་བཅས་ལས་གཞན་གང་ཡང་ཡོད་མི་འདུག་ལ།   བྲག་ཕུག་དེའི་ནང་ད་དུང་ཆུ་ཐིགས་པ་ཡང་འཛག་བཞིན་ཡོད་འདུག 

སྐབས་དེ་དུས་བུད་མེད་དེ་དང་བྱིས་པ་གཉིས་ཀྱིས་རྒྱ་གར་བུད་མེད་ཚོའི་གྱོན་ཆས་གྱོན་ཡོད་འདུག་ཅིང་། དེ་རྗེས་ས་གནས་ཉེན་རྟོག་པས་བྱིས་པ་གཉིས་དང་ཨ་མ་བཅས་ས་གནས་སྨན་ཁང་ལ་ཁྲིད་ནས་བརྟག་དཔྱད་བྱེད་དུས་གསུམ་ཀ་བདེ་ཐང་ཡིན་པ་སྨན་པས་བརྗོད་འདུག རྗེས་སུ་རྒྱ་གར་ནང་དུ་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་ཁང་དང་འབྲེལ་ཏེ་སྙན་ཞུ་བྱས་ཡོད་འདུག་ཀྱང་། ད་བར་ལན་འདེབས་གང་ཡང་བྱས་ཡོད་མི་འདུག བུད་མེད་དེ་ཆུང་དུས་ནས་རང་ལོ་༡༥ བར་ཨུ་རུ་སུའི་ནང་དུ་བསྡད་ཡོད་འདུག་ཅིང་། ཕྱིས་སུ་རྒྱ་གར་དང་བལ་ཡུལ། ཡུག་རེན་སོགས་རྒྱལ་ཁབ་འདྲ་མིན་ཁྱོན་༢༠ ཙམ་དུ་ཕྱིན་ཡོད་འདུག ས་གནས་གསར་འགོད་པས་བུད་མེད་དེ་ལ་བཅར་འདྲི་བྱེད་དུས། ཁོང་མོ་ལ་ཁྱོན་བྱིས་པ་བུ་གཉིས་དང་བུ་མོ་གཉིས་བཅས་བཞི་ཡོད་པ་དང་། ལོ་སྔོན་མར་བུ་རྒན་པ་རང་ལོ་༢༠ ཡིན་པ་དེ་གྷོ་ཝ་ལ་བརྡབ་སྐྱོན་ཤོར་ནས་གྲོངས་ཡོད་པ་དང་། བུ་ཆུང་བ་དེ་ད་ལྟ་ཨུ་རུ་སུ་ལ་ཡོད་ཅེས་བརྗོད་འདུག རྒྱ་གར་གྱི་ཉེན་རྟོག་པས་ཤེས་རྟོགས་བྱུང་དོན་ལ། བུད་མེད་དེའི་ཁྱོ་ག་ཨི་སི་རེལ་གྱི་སྐྱེས་པ་མིང་ལ་(Goldstein)ཟེར་བ་ཞིག་ཡོད་པ་ཤེས་རྟོགས་བྱུང་འདུག་ཀྱང་། སྐྱེས་པ་དེས་ཁ་སང་གཟའ་ལྷག་པའི་ཉིན་(NDTV)་ལ་བརྗོད་དོན། བུད་མེད་དེ་དང་བྱིས་པ་ཚོས་ཁོ་ལ་སྐད་ཆ་གཅིག་ཀྱང་མ་བཤད་ནས་གྷོ་ཝ་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་གིས་ས་གནས་ཉེན་རྟོག་པ་ལ་མི་བརླགས་སོང་ཞེས་བརྗོད་ཡོད་པར་བཤད་འདུག ཁྱོ་གས་ཁོས་ཐབས་ཤེས་ཡོད་ཚད་བཏོན་ནས་བུད་མེད་དེ་དང་བྱིས་པ་ཚོ་ཕྱིར་ཨུ་རུ་སུ་ལ་འགྲོ་མི་དགོས་པའི་ཐབས་ཤེས་འཚོལ་རྒྱུ་ཡིན་པར་བརྗོད་འདུག 

བུད་མེད་དེས་མཚམས་རེར་ཁོང་མོ་དང་བྱིས་པ་ཚོ་བྲག་ཕུག་དེའི་ནང་བདུན་ཕྲག་གཅིག་ཙམ་གྱི་སྔོན་དུ་ཡོང་ཡོད་པར་བརྗོད་འདུག་ལ། ཡང་ཕྱོགས་གཅིག་ནས་ཁོང་མོའི་བུ་མོ་ཆུང་བ་དེ་བྲག་ཕུག་དེའི་ནང་སྐྱེས་ཡོད་པ་ཡང་བརྗོད་འདུག གང་ལྟར་བུད་མེད་དེ་བྲག་ཕུག་དེའི་ནང་ག་དུས་ཡོང་ཡོད་མེད་དང་། གང་ནས་ཡོང་ཡོད་མེད་སོགས་ད་ལྟ་ཤེས་རྟོགས་ཐུབ་ཡོད་མི་འདུག 

ས་གནས་གསར་འགོད་པས་ས་ཆ་དེ་དག་ལ་དུག་སྦྲུལ་དང་གཅན་གཟན། མི་འདྲ་མིན་སོགས་ཀྱི་ཉེན་ཁ་ཆེན་པོ་ཡོད་པས། ཁྱེད་རང་གནས་དེ་ལ་ཅིའི་ཆེད་དུ་བསྡད་མིན་འདྲི་དུས། བུད་མེད་དེས་དེ་ལ་ཉེན་ཁ་མི་འདུག ང་སེམས་ཅན་ལ་མི་སྐྲག མི་ལ་སྐྲག བྲག་ཕུག་དེའི་ནང་བསྡད་ན་ཧ་ཅང་སྐྱིད་པོ་ཡོད་པ་དང་། རང་བྱུང་ཁོར་ཡུག་དང་། བྱ་དང་བྱིའུ། གཙང་པོ་སོགས་ཀྱིས་ཁོང་མོ་ལ་བདེ་སྐྱིད་ཆེན་པོ་སྤྲོད་ཀྱི་ཡོད་ཅིང་། ཁོང་མོའི་བྱིས་པ་གཉིས་ལ་མི་ཚེའི་ཁྲོད་ཀྱི་ཤེས་བྱ་མང་པོ་ཞིག་དང་། སློབ་གསོ་མང་པོ་རག་ཡོད་པར་བརྗོད་འདུག

ཉེན་རྟོག་པས་ཤེས་རྟོགས་བྱུང་དོན་ལ་བུད་མེད་དེ་ཕྱི་ལོ་༢༠༡༦ ནས་༢༠༡༧ བར་ཚོང་དོན་མཐོང་མཆན་མིང་ཐོག་ནས་ལོ་གཅིག་རིང་ཡོང་ཡོད་པ་དང་། ཕྱི་ལོ་༢༠༡༨ ལོར་བལ་ཡུལ་དུ་ཕྱིན་ཡོད་པ་མཐོང་མཆན་ལས་ཁུངས་ནས་ཤེས་རྟོགས་བྱུང་འདུག དེ་རྗེས་ཕྱིར་རྒྱ་གར་ལ་ག་དུས་ཡོང་ཡོད་མེད་དང་། ཀ་ན་ཊ་ཀའི་བྲག་ཕུག་ནང་ག་དུས་བསྡད་མིན་སོགས་ཀྱི་གནས་ཚུལ་མང་པོ་ཞིག་ད་དུང་ཁ་གསལ་མི་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།