རྒྱ་གར་ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས་བོད་དོན་ནི་རྒྱ་དཀར་ནག་བར་གྱི་འབྲེལ་ལམ་ལ་གནོད་སྐྱོན་གཏོང་མཁན་ཡིན་པར་བརྗོད།

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་ཏུ་མ་ཕྱིན་གོང་། རྒྱ་གར་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གིས་བོད་དོན་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་བར་ཆད་དང་གནོད་སྐྱོན་གཏོང་མཁན་གྱི་ཚེར་མ་ལྟ་བུ་ཡིན་པ་དང་། ༧གོང་ས་མཆོག་གི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཡིན་པར་བརྗོད་འདུག

པར། བརྒྱུད་ལམ་ཁག

ཟླ་འདིའི་ཚེས་༡༣ ཉིན། རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༥ ཉིན། ཧྲང་ཧེ་མཉམ་ལས་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དེ་རྒྱ་ནག་ཏུ་འཚོག་རྒྱུ་ཡིན་པ་ལྟར། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཡང་ཚོགས་ཞུགས་ཆེད། རྒྱ་ནག་ཏུ་འགྲོ་ལ་ཉེ་བའི་སྐབས་སུ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཡུས་ཅིན་༼Yu Jing༽ གྱིས། རྒྱ་གར་གྱི་འཐབ་ཇུས་སོགས་དང་འབྲེལ་བའི་ལས་བྱེད་ཟུར་པ་དང་ལས་ཐོག་འགས་༧གོང་ས་མཆོག་གི་ཡང་སྲིད་སྐོར་ལ་འོས་མེད་ཀྱི་གཏམ་བཤད་ཡོད་པ་དང་། ཕྱི་འབྲེལ་ལས་དོན་གྱི་ཆེད་ལས་མི་སྣ་ཞིག་ཡིན་པའི་ཆ་ནས། ཁོང་ཚོས་བོད་དང་འབྲེལ་བའི་གནད་དོན་གྱི་ཚོར་བ་རྣོ་བའི་རང་བཞིན་དེ་ཤེས་དགོས་ཞེས་དང་། ༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པ་དང་། བོད་དང་འབྲེལ་བའི་གནད་དོན་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་ཀྱི་ཚེར་མ་ཞིག་དང་། རྒྱ་གར་གྱི་ཁུར་པོ་ཞིག་ཏུ་གྱུར་ཡོད་པ། བོད་དོན་ལག་ཆ་ལ་བེད་སྤྱོད་བྱས་ཚེ། རང་གི་རྐང་པར་སོ་སོས་མེ་མདའ་བརྒྱབ་པ་ལྟ་བུ་ཆགས་ངེས་ཞེས་བརྗོད་འདུག

ཕྱི་ལོ་༢༠༢༠ ལོར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་བར་གདོང་ཐུག་དྲག་པོ་བྱུང་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་ཉམས་རྒུད་ཆེན་པོ་ཕྱིན་ཡོད་པ་དང་། དུས་དེ་ནས་བཟུང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་ཏུ་འགྲོ་མྱོང་མེད་པ་དང་། ད་ལྟའི་འཚམས་གཟིགས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་དང་ཛ་དྲག་གི་གནས་སྟངས་ལྷོད་དུ་གཏོང་བར་འབད་བརྩོན་བྱེད་བཞིན་པའི་སྐབས་དང་འཁེལ་ཡོད་འདུག

ཉེ་ཆར་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ། གླེང་སློང་བྱེད་མཁན་མང་དག་ཅིག་བྱུང་ཡོད་པ་དང་། ལྷག་པར་དུ། ༧གོང་ས་མཆོག་དགུང་གྲངས་༩༠ ཕེབས་པའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོའི་སྐུ་མགོན་གཙོ་བོ་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ལས་དོན་གྱི་བློན་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་ (Kiren Rijiju) མཆོག་གིས། ༸གོང་ས་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ལས་ལྷག་པ་ཡིན། ༸གོང་ས་མཆོག་ནི་གནའ་བོའི་ཤེས་རབ་དང་། དེང་དུས་ཀྱི་འཛམ་གླིང་དབར་ཟམ་པ་ལྟ་བུ་ཆགས་ཡོད། ༸ཁོང་རྒྱ་གར་དུ་བཞུགས་ཡོད་པ་དེ་ནི་རྒྱ་གར་གྱི་གཞུང་མང་གཉིས་ཀར་གཟི་བརྗིད་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་དང་།

༸གོང་ས་མཆོག་གིས་དུས་རྟག་ཏུ་རྒྱ་གར་གི་གནའ་བོའི་ཤེས་རབ་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཤན་སྦྱར་གྱིས་འཛམ་གླིང་ཞི་བདེ་བསྐྲུན་ཐུབ་ཚུལ་གྱི་དགོངས་པ་དང་། རྒྱ་གར་གྱི་གནའ་བོའི་ཤེས་ཡོན་སླར་གསོ་ཆེད་བཀའ་སློབ་ཡང་ཡང་སྩལ་བཞིན་ཡོད། ང་རང་དད་ལྡན་པ་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ཡོངས་ཀྱི་ཚབ་ཞུས་ཏེ་༸མགོན་པོ་གང་ཉིད་མཆོག་གིས་ཐུགས་ཐག་གང་བཅད་ཡོད་པ་དེར་བརྩི་བཀུར་ཞུ་ཡི་ཡོད་ལ། ༸ཁོང་གི་སྒྲིག་འཛུགས་ཀྱིས་བཀོད་ཁྱབ་དང་ལམ་སྟོན་གང་གནང་བ་ལྟར་རྗེས་སུ་འཇུག་རྒྱུ་ཡིན་ཞེས་དང་། ༧གོང་ས་མཆོག་ནི་ནང་པ་སངས་རྒྱས་པ་རྣམས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡིན་པ་དང་། ཁོང་གི་ཡང་སྲིད་སྐོར་གྱི་ཐག་གཅོད་ནི་སྲོལ་རྒྱུན་ཕྱག་ལེན་ལྟར་ཁོང་གཅིག་པུས་གནང་དགོས་པ་ལས། གཞན་སུ་ལ་ཡང་དབང་ཚད་མེད་ཅེས་བརྗོད་ཡོད་པ་རེད།

ཡིན་ཡང་། ཕྱོགས་གཞན་ཞིག་ནས། ཟླ་འདིའི་ཚེས་༤ ཉིན། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་གར་གྱིས་ཡིད་ཆེས་དང་། ཆོས་ལག་ལེན་དང་འབྲེལ་བའི་གནད་དོན་ཐོག་ལངས་ཕྱོགས་འཛིན་གྱི་མེད་པ་མ་ཟད་བསམ་ཚུལ་ཡང་རྗོད་ཀྱི་མེད་ཅེས་བརྗོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།