རྒྱ་གར་ནང་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་ཚོགས་འདུ།
ཟླ་འདིའི་ཚེས་༡༣ ་ཉིན་གྱི་ཕྱི་དྲོ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། ཉིན་གྲངས་གསུམ་རིང་གི་རྒྱ་གར་ནང་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་དབུ་འཛུགས་གནང་སོང་། ཐེངས་འདིའི་མཛད་སྒོའི་སྐུ་མགྲོན་དུ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་དང་ཧི་མ་ཅཱལ་མངའ་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་ (Shri. Kishan Kapoor) བཅས་ཕེབས་འདུག

སྐབས་དེར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ཡིས། ང་རང་ཚོས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་དེ་སྟབས་བདེ་བོ་ཞེ་དྲག་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ༧གོང་ས་སྐྱབས་མགོན་ཆེན་པོས་བོད་ཀྱི་གནད་དོན་གང་ཡིན་པ་དེ་གསལ་བོ་བཟོས་ནས་ཡོད་དུས། དེའི་འོག་ལ་ཤར་བསྐྱོད་བྱེད་རྒྱུ་ཞིག་མ་གཏོགས། དེའི་གནད་དོན་རྟོག་རྒྱུར་ཐབས་ཤེས་བྱེད་རྒྱུ་ཞིག་མ་གཏོགས། ང་ཚོས་ཐབས་ལམ་གསར་པ་འཚོལ་དགོས་རྒྱུ་དང་གནས་ཚུལ་གསར་པ་བསྒྲུབ་དགོས་རྒྱུའི་གནས་སྟངས་རྩ་ནས་མེད་པ་རེད་ཅེས་དང་།
ང་ཚོའི་འཐབ་རྩོད་དེ་གང་རེད་ཟེར་ན། ཡང་དག་པ་དང་ཡང་མ་དག་པ། བདེན་པ་དང་རྫུན་མ། དྲང་བདེན་དང་དྲང་བདེན་མ་ཡིན་པའི་བར་གྱི་འགལ་ཟླ་ཞིག་རེད། འགལ་ཟླ་དེ་འཐབ་རྩོད་ཀྱི་ངོ་བོ་གལ་མ་རེད། ༧གོང་ས་མཆོག་གིས་བོད་ཀྱི་གནད་དོན་དེ་འགྲིག་ཆགས་ཡོང་བར་བདེན་པ་དང་འཚེ་བ་མེད་པ་གཉིས་པོ་དེ་གཞི་རྟེན་ངང་ནས་གསུངས་པ་རེད། བདེན་པ་གནས་པ་ཡིན་ན། འཚེ་བ་ཡོང་ཐབས་ཡོད་མ་རེད། བདེན་པ་དང་འཚེ་བ་མེད་པའི་གནས་ཚུལ་ཡག་པོ་ཞིག་ང་ཚོས་ཤེས་པ་ཡིན་ན། དེའི་ཐོག་ནས་ཐབས་བྱུས་གཞན་པ་འཚོལ་དགོས་ཡ་ཧ་ལམ་མེད་པའི་བཟོ་འདྲ་ཞིག་རེད། ཡིན་ན་ཡང་། བདེན་པ་དེ་གང་ཡིན་པ་དེ་ཚང་མས་ཤེས་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་དང།
གཞན་ཡང་། དབུ་མའི་ལམ་གྱི་སྲིད་བྱུས་ལ་གཉིས་སྨན་ཞེས་ཟེར་དགོས་པ་དེ། ང་རང་ཚོ་བོད་པའི་མི་རིགས་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོ་གཉིས་ཀ་ལ་ཕན་པ་ཞིག་མ་གཏོགས། གཅིག་རྒྱལ་གཅིག་ཕམ་ཟེར་ཡ་ཞིག་དང་། གཅིག་ལ་ཕན་གཅིག་ལ་གནོད་ཟེར་བ་མེད་པ་དེ། ངེས་པར་དུ་ཐུགས་ལ་མཁྱེན་དགོས་ཡ་ཞིག་རེད། དེའི་ཐོག་ནས་དབུ་མའི་ལམ་གཞི་ལ་བཞག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ནང་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་དེ་ང་ཚོས་རྩོད་ཀྱི་ཡོད་རེད། དབུ་མའི་ལམ་གྱི་སྲིད་བྱུས་འཛིན་དགོས་པའི་དགོས་པ་གཙོ་བོ་ཞིག་ཀྱང་བོད་མི་རིགས་ཡོངས་རྫོགས་དེ་ཁ་བྲལ་དུ་མ་ཕྱིན་པ་བྱས་ནས་མཉམ་གནས་ཐུབ་རྒྱུར་དམིགས་པ་ཞིག་རེད་མ་གཏོགས། དེ་ལས་གཞན་པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་རིམ་པ་དང་རྒྱ་ནག་གི་གནས་བབ་ལ་བརྟེན་ནས་ལག་ལེན་བསྟར་བ་ཞིག་གལ་མ་རེད། སོང་ཙང་། ང་ཚོའི་ཕུགས་ཀྱི་དམིགས་ཡུལ་དེ་བོད་རིགས་ཡོངས་རྫོགས་གཅིག་འགྱུར་བྱས་ནས་བསྡད་ཐུབ་རྒྱུ་ཞིག་དང་། ད་ལྟ་ཡོད་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་རག་རྒྱུ་དེ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དམིགས་ཡུལ་དེ་རེད། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟ་ཡོད་པའི་རྩ་ཁྲིམས་ལ་འགྱུར་བ་ཕྱིན་པ་ཡིན་ན། ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡང་བསྐྱར་ཞིབ་བྱེད་དགོས་ཡ་ཞིག་ཆགས་ཀྱི་རེད་སོགས་གསུངས་སོང་།
ཉིན་གསུམ་རིང་གི་ཚོགས་འདུ་དང་ཟབ་སྦྱོང་ནང་རྒྱ་གར་གྱི་ཆབ་སྲིད་འགྱུར་ལྡོག་ལ་དཔག་པའི་ལས་འགུལ་སྤེལ་ཕྱོགས་ཀྱི་ཐོག་ལ་བགྲོ་གླེང་དང་གཏམ་བཤད་སོགས་སྤེལ་རྒྱུ་རེད་འདུག་ལ། རྒྱ་གར་ནང་བོད་དོན་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་བྱེད་ཀྱི་ཡིན་ཟེར་མཁན་དང་བླངས་མི་གྲངས་ཉིས་བརྒྱ་མ་ཟིན་ཙམ་ཡོད་པའི་ཁྲོད་ནས། རྒྱ་གར་གྱི་ས་གནས་མ་འདྲ་བ་དགུ་ཙམ་ནས་མི་གྲངས་བཞི་བཅུ་ཙམ་ཞིག་ཐེངས་འདིའི་ཚོགས་འདུ་དང་ཟབ་སྦྱོང་ནང་མཉམ་ཞུགས་བྱས་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།
