རྒྱ་གར་ནང་དོས་སྐྱེལ་རླངས་འཁོར་གྱི་ནག་ཉེས་དང་འབྲེལ་བའི་ཁྲིམས་འཆར་ལ་ངོ་རྒོལ།

ཟླ་འདིའི་ཚེས་༣ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་གྲོས་ཚོགས་སུ་ནང་སྲིད་བློན་ཆེན་གྱིས་དོས་སྐྱེས་རླངས་འཁོར་གྱི་ནག་ཉེས་དང་འབྲེལ་བའི་ཁྲིམས་འཆར་གསར་པ་ཞིག་བཏོན་ཡོད་པ་དེར། རྒྱ་གར་གྱི་ས་ཁུལ་མང་པོའི་ནང་དོས་སྐྱེལ་རླངས་འཁོར་གཏོང་མཁན་སོགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག

པར། རྒྱ་གར་གྱི་དུས་བབ།

ལོ་སྔོན་མའི་ཕྱི་ཟླ་༨ ཚེས་༡༡ ཉིན་རྒྱ་གར་གྱི་གྲོས་ཚོགས་སུ་བསླེབས་པའི་ནག་ཉེས་ཀྱི་ཁྲིམས་འཆར་གསར་པ་(Bharatiya Nyay Sanhita) ཞེས་པ་དེའི་ནང་དུ། དོས་སྐྱེལ་རླངས་འཁོར་སོགས་རླངས་འཁོར་ཆེ་ཁག་རིགས་གཏོང་མཁན་ཚོས་ཧོལ་རྒྱུགས་བྱེད་པ་དང་ཡང་ན། ཁ་ལོ་བས་ལྷོད་གཡེང་ཤོར་ནས་རྐྱེན་ངན་འོག་མི་ཤི་དོན་རྐྱེན་ལྷག་རྗེས། བྲོས་བྱོལ་དུ་འགྲོ་མཁན་རྣམས་ལ་ལོ་ངོ་གཅིག་ནས་བཅུ་བར་བཙོན་འཇུག་བྱེད་རྒྱུ་དང་། ཧིན་སྒོར་འབུམ་བདུན་གྱི་ཉེས་ཆད་གཅོད་རྒྱུ་སོགས་ཚུད་ཡོད་པར་བརྟེན། རླངས་འཁོར་ཆེ་ཁག་གཏོང་མཁན་མང་པོས་ཟླ་འདིའི་ཚེས་༡ ནས་ས་གནས་འདྲ་མིན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། ཁྲིམས་འཆར་དེ་ཕྱིེར་འཐེན་དགོས་པའི་རེ་སྐུལ་སྙན་ཞུ་ཞིག་རྒྱ་གར་གྱི་སྲིད་བློན་ལ་ཕུལ་ཡོད་འདུག

རྒྱ་གར་ནང་འགྲིམ་འགྲུལ་དོན་རྐྱེན་མང་པོ་ལྷག་གི་ཡོད་པ་དང་། ཕྱི་ལོ་༢༠༢༢ ལོ་རྒྱ་གར་ཁྱོན་ཡོངས་ལ་འགྲིམ་འགྲུལ་དོན་རྐྱེན་༤༦༡,༣༡༢ ཐོ་འགོད་བྱས་ཡོད་ཅིང་། དོན་རྐྱེན་དེ་དག་གི་ཁྲོད་བརྒྱ་ཆ་༣༢.༩% ནི་རྒྱལ་ཁབ་རིམ་པའི་གཞུང་ལམ་ཐོག་དང་། བརྒྱ་ཆ་༢༣.༡% ནི་མངའ་སྡེ་རིམ་པའི་གཞུང་ལམ་ཐོག་ཡིན་འདུག་པ་དང་། བརྒྱ་ཆ་༤༣.༩% ་ནི་ལམ་ཁ་གཞན་གྱི་ཐོག་བྱུང་ཡོད་འདུག

རྒྱུན་དུ་འགྲིམ་འགྲུལ་གྱི་དོན་རྐྱེན་ལྷག་རྗེས། ཁ་ལོ་བ་རྣམས་ཉེན་ཁ་ལས་ཐར་ཆེད་བྲོས་བྱོལ་དུ་འགྲོ་ཡི་ཡོད་འདུག དེ་སྔོན་ཡིན་ན་ཁ་ལོ་བ་ཚོའི་ནོར་འཁྲུལ་ལ་དཔགས་ཏེ་ཧིན་སྒོར་༡༠༠༠ ཡི་ཉེས་ཆད་དང་། ལོ་གཉིས་དང་ཡང་ན་ཟླ་བ་དྲུག་གི་རིང་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཀྱི་ཡོད་འདུག ཁ་ལོ་བ་ཚོ་དབུལ་ཕོངས་ཀྱི་ཁྱིམ་ཚང་ནས་ཡོང་གི་ཡོད་པ་དང་ཟླ་རེ་ལ་གླ་ཆ་བདུན་སྟོང་ནས་ཁྲི་གཅིག་བར་མ་གཏོགས་མེད་པ་རེད་འདུག། འགྲིམ་འགྲུལ་གྱི་དོན་རྐྱེན་བྱུང་དུས་ཁོང་ཚོ་ལ་ངན་ཁག་དཀྲི་བའི་གནས་ཚུལ་ཡང་མང་པོ་འབྱུང་གི་ཡོད་འདུག

ཟླ་འདིའི་ཚེས་༡ ཉིན་རླངས་འཁོར་གྱི་ཁ་ལོ་བ་ཚོས་རྒྱ་གར་གྱི་ས་གནས་ཁག་ཅིག་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་འགོ་འཛུགས་པའི་སྐབས། ས་གནས་མང་པོའི་རྡོ་སྣུམ་ས་ཚིགས་སུ་སྣུམ་བླུག་མཁན་གྱི་འཚང་ཁ་ཐེབས་ཡོད་པ་མ་ཟད། ཟླ་འདིའི་ཚེས་༢ ཉིན་རྒྱ་གར་གྱི་བྱང་ཕྱོགས་དང་ལྷོ་ཕྱོགས་ཀྱི་རྡོ་སྣུམ་ས་ཚིགས་༢༠༠༠ གྱི་སྣུམ་རྫོགས་ཡོད་འདུག གལ་སྲིད་ངོ་རྒོལ་གྱི་ལས་འགུལ་དེ་རྒྱ་གར་རྒྱལ་ཡོངས་སུ་ཁྱབ་ཚེ། སྣུམ་ཙམ་མ་ཟད་ཚལ་དང་འོ་མ། ཤིང་འབྲས་སོགས་མཁོ་འདོན་བྱེད་པར་དཀའ་ངལ་འཕྲད་སྲིད་པ་རེད་འདུག

རྒྱ་གར་གཞུང་གིས་ཁྲིམས་འཆར་དེ་གཏན་འབེབས་མ་བྱས་སྔོན་རྒྱ་གར་གྱི་རླངས་འཁོར་སྐྱེལ་འདྲེན་ཚོགས་པ་དང་གྲོས་བསྡུར་བྱེད་རྒྱུ་ཡིན་ཞེས་བརྗོད་པའི་རྗེས། རླངས་འཁོར་ཚོགས་པས་ཁ་ལོ་བ་ཚོས་ངོ་རྒོལ་བྱེད་མཚམས་བཞག་ནས་ལས་ཀ་མུ་མཐུད་བྱེད་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། ཚོགས་པས་ཉིན་གཅིག་དང་གཉིས་ནང་ལས་ཀ་མུ་མཐུད་རྒྱུ་ཡིན་པར་བརྗོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Comments are closed.