རྒྱ་གར་ནང་རྒྱལ་གླུ་དེ་རྒྱལ་ཞེན་གྱི་མཚོན་རྟགས་ལ་བེད་སྤྱད་བཞིན་པ།

རྒྱ་གར་གྱི་གློག་བརྙན་ཁང་དུ་གློག་བརྙན་འགོ་མ་འཛུགས་སྔོན་དུ་རྒྱལ་གླུ་གཏོང་དགོས་པ་ཁྲིམས་གསར་བཟོས་ཡོད་པ་དང་། སྐབས་ཁ་ཤས་ལ་མི་ཁག་ཅིག་གིས་རྒྱལ་གླུ་གཏོང་བཞིན་སྐབས་ཡར་མ་ལངས་པས་འཛིན་བཟུང་བྱས་པ་དང་། ཁག་ཅིག་ལ་རྡུང་རྡེག་བཏང་བའི་གནས་ཚུལ་ཡང་བྱུང་ཡོད་འདུག

15577508_1352379211452611_1941268653_nདེ་ཡང་ཟླ་སྔོན་མའི་ནང་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་གློག་བརྙན་ཁང་དུ་གློག་བརྙན་མ་བསྟན་པའི་སྔོན་དུ། རྒྱལ་གླུ་གཏོང་དགོས་པ་དང་། སྐབས་དེར་མི་ཚང་མ་ཡར་ལངས་དགོས་པའི་ཐག་གཅོད་བྱས་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་དེ་སྔོན་མི་དབང་པོ་སྐྱོན་ཅན་ཞིག་གནས་སྐབས་དེ་འདྲ་ཞིག་ལ་ཡར་ལངས་མེད་པས། མི་མང་ཁག་ཅིག་གིས་ཚིག་ངན་དང་ཉེས་རྡུང་བཏང་བའི་གནས་ཚུལ་བྱུང་བ་དང་། རྗེས་སུ་ཁྲིམས་ཁང་གིས་ཐག་གཅོད་དེར་དབང་པོ་སྐྱོན་ཅན་ཚུད་ཀྱི་མེད་པ་བསྐྱར་བཅོས་བྱས་ཡོད་འདུག

རྩོད་རྙོག་ཅན་གྱི་ཐག་གཅོད་དེ་ཡང་རྒྱ་གར་ནང་རྒྱལ་ཞེན་ག་རེ་ཡིན་མིན་ཐོག་ལ་གླེང་སློང་མང་པོ་འབྱུང་བཞིན་པའི་སྐབས་ལ་བྱུང་ཡོད་པ་དང་། ཟླ་འདིའི་ཚེས་༡༢ ཉིན་མི་༡༢ ཀྱིས་གློག་བརྙན་དུས་སྟོན་སྐབས་རྒྱལ་གླུ་གཏོང་བཞིན་དུས་ཡར་མ་ལངས་པས་འཛིན་བཟུང་བྱས་པ་དང་། ཟླ་འདིའི་ཚེས་༡༡ ཉིན་མི་༨ ལ་གནད་དོན་དེ་དང་འབྲེལ་ནས་མི་མང་ཁག་ཅིག་གིས་རྡུང་རྡེག་བཏང་པའི་གནས་ཚུལ་ཐོན་ཡོད་འདུག

རྒྱ་གར་གྱི་ཆབ་སྲིད་ཚན་རིག་པ་སྐུ་ཞབས་པལ་ཤཱི་ཀར་གྱིས་ཐག་གཅོད་དེས་མི་སེར་རྣམས་བྲན་གཡོག་ལ་འགྱུར་བའི་ཉེན་ཁ་ཡོད་པ་དང་། དེ་ནི་རྒྱ་གར་ནང་དུ་མི་མང་དང་བླངས་པས་ཁྲིམས་རང་གི་ལག་ཏུ་ལེན་གྱི་ཡོད་པ་དང་། དབང་གཙོ་རིང་ལུགས་པའི་ལག་ཆར་འགྱུར་བའི་ལམ་ཁ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག རྒྱ་གར་གྱི་གཞུང་ཚབ་ཟུར་བ་གྷོ་པལ་ཀེར་ཤི་ན་གྷན་ཌིས་རྒྱལ་གླུ་ནི་འགྲིམ་འགྲུལ་གྱི་བརྡ་ལན་ལྟ་བུ་གུས་བརྩི་བྱེད་དགོས་པ་ཞིག་མིན་པ་དང་། དེ་ཡང་དཔྱ་ཁྲལ་ནང་བཞིན་སྤྲོད་དགོས་པ་དང་། སྤྲོད་དགོས་པའི་ཡིག་རྒྱུགས་ཤིག་མིན་སྐོར་བརྗོད་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།