རྒྱ་གར་ནང་སྤྱི་ཚོགས་དྲ་ལམ་ཚོང་ལས་ཁང་རྣམས་སྟངས་འཛིན་ཤུགས་ཆེ་རུ་གཏོང་འཆར་འདུག

ཉེ་བའི་ཆར་རྒྱ་གར་གྱི་བྷི་ཇི་བྷི་སྲིད་གཞུང་དང་ཨ་རིའི་སྤྱི་ཚོགས་དྲ་ལམ་ཚོང་ལས་ཁང་ཊེའུ་ཊར་བར་འགལ་ཟླ་བྱུང་རྗེས། རྒྱ་གར་དབུས་གཞུང་གིས་སྤྱི་ཚོགས་དྲ་ལམ་ཚོང་ལས་ཁང་དང་། དེ་བཞིན་དྲ་ཐོག་གསར་འགྱུར་བརྒྱུད་ལམ་ཁག་སྟངས་འཛིན་བྱེད་ཆེད་དུ་ཁྲིམས་གསར་པ་བཟོ་འཆར་ཡོད་པ་རེད་འདུག

ཟླ་༢ པའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་རྒྱ་གར་དབུས་གཞུང་གིས་སྤྱི་ཚོགས་དྲ་ལམ་ཚོང་ལས་ཁང་ཊེའུ་ཊར་ལ། ཞིང་པའི་ངོ་རྒོལ་ལས་འགུལ་ཆེན་མོ་དང་འབྲེལ་བའི་བརྗོད་བྱ་ཁག་ཅིག་སྤྱི་ཚོགས་དྲ་ལམ་དེ་ནས་ཕྱིར་འཐེན་བྱེད་དགོས་པའི་བཀའ་བཏང་ཡང་། ཚོང་ལས་ཁང་དེས་ཕྱིར་འཐེན་བྱས་མེད་པས། ད་ལྟའི་ཆར་རྒྱ་གར་དབུས་གཞུང་གིས་སྤྱི་ཚོགས་དྲ་ལམ་གྱི་ཚོང་ལས་ཁང་རྣམས་དང་དེ་བཞིན་དྲ་ཐོག་གསར་འགྱུར་བརྒྱུད་ལམ་ཁག་ལ། ལམ་སྟོན་དང་ལས་དོན་བྱེད་ཕྱོགས་ཀྱི་ཁྲིམས་གསར་པ་བཟོ་འཆར་ཡོད་འདུག་པ་དང་། དེའི་ཟིན་བྲིས་ནང་དུ་རྒྱ་གར་དབུས་གཞུང་ངམ་ཁྲིམས་ཁང་གིས་བརྗོད་བྱ་ཞིག་ཕྱིར་འཐེན་བྱེད་དགོས་པའི་བཀའ་བཏང་རྗེས་ཀྱི་ཆུ་ཚོད་༣༦ ནང་ཚུད་ལ། སྤྱི་ཚོགས་དྲ་ལམ་ཚོང་ལས་ཁང་གིས་དེ་ལྟར་བྱེད་དགོས་ཀྱི་ཡོད་པའི་ཆ་རྐྱེན་གསར་པ་ཡོད་འདུག

དེ་བཞིན་གཞུང་གིས་དྲ་ཐོག་བདེ་འཇགས་དང་འབྲེལ་བའི་གནད་དོན་དང་། ཞིབ་འཇུག་ལས་དོན་ཆེད་དུ་རོགས་རམ་དགོས་པའི་རེ་སྐུལ་བྱེད་སྐབས། ཆུ་ཚོད་༧༢ ནང་ཚུད་ལ་དྲ་ཐོག་ཚོང་ལས་ཁང་རྣམས་ཀྱིས་རོགས་རམ་བྱེད་དགོས་ཀྱི་ཡོད་པ་རེད་འདུག དེ་བཞིན་བརྗོད་བྱའི་ནང་གང་ཟག་གཅིག་གིས་ཆགས་སྤྱོད་ཀྱི་བྱ་བར་འཇུག་གི་ཡོད་པ་སྟོན་གྱི་ཡོད་ཚེ། ཞུ་གཏུག་བྱས་པའི་ཉིན་གཅིག་ནང་ཚུད་དུ་བརྗོད་བྱ་དེ་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད་འདུག

ཟིན་བྲིས་དེའི་ནང་དུ་སྤྱི་ཚོགས་དྲ་ལམ་ཚོང་ལས་ཁང་ཚོས་རྒྱ་གར་ནང་དུ། རྟོག་ཞིབ་སྤྱི་ཁྱབ་པ་གཅིག་དང་། ཉེན་རྟོག་པ་དང་འབྲེལ་མཐུད་བྱེད་མཁན་མཐོ་རིམ་ལས་བྱེད་གཅིག དེ་བཞིན་ཞུ་གཏུག་ལེགས་བཅོས་བྱེད་མཁན་ལས་བྱེད་གཅིག་བཅས་གསར་དུ་བསྐོ་གཞག་བྱེད་དགོས་པ་དང་། དེ་དག་ཚང་མ་རྒྱ་གར་དུ་གནས་སྡོད་བྱེད་མཁན་དང་རྒྱ་གར་གྱི་མི་སེར་ཡིན་དགོས་ཀྱི་ཡོད་འདུག

ད་ལྟའི་ཆར་ཁྲིམས་དེ་དག་གསལ་བསྒྲགས་བྱེད་རྒྱུ་ཡིན་ནམ། ཡང་ན་བསྐྱར་བཅོས་བྱེད་རྒྱུ་ཡིན་མིན་གསལ་པོ་མེད་འདུག འོན་ཀྱང་ཁྲིམས་དེ་དག་དྲ་ཐོག་གསར་འགྱུར་བརྒྱུད་ལམ་ཁག་ལ་ཡང་ཁྱབ་ཀྱི་ཡོད་པ་རེད་འདུག ཁྲིམས་ཀྱི་ཟིན་བྲིས་ནང་དུ་དྲ་ལམ་ཁག་ཏུ་བརྗོད་བྱ་སྤེལ་མཁན་ཚོས། རྒྱ་གར་གྱི་མི་རིགས་སྣ་མང་དང་ཆོས་ལུགས་སྣ་མང་གི་གནད་དོན་སེམས་ལ་བཞག་ནས། བྱེད་སྒོ་དང་དད་པ། མི་རིགས་སམ་ཆོས་ལུགས་སྡེ་ཚན་ཞིག་ཐོག་བསམ་ཚུལ་བརྗོད་སྐབས། རང་མོས་ཀྱིས་ཟབ་ནན་བྱེད་དགོས་ཀྱི་ཡོད་སྐོར་འཁོད་ཡོད་པ་རེད་འདུག

རྒྱ་གར་གྱི་ནང་དུ་དྲ་ཐོག་གློག་བརྙན་ཁང་ཞིག་ཐོག་ཏུ་སྲིད་དོན་གྱི་གློག་བརྙན་ཞིག་དང་འབྲེལ་ནས་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།