རྒྱ་གར་ནས་གངས་རིན་པོ་ཆེར་གནས་སྐོར་དུ་འགྲོ་འགོ་བཙུགས་པ།

རྒྱ་གར་གྱི་ཧིན་རྡུ་ཆོས་ལུགས་པའི་སྡེ་ཚན་དང་པོའི་མི་༥༤ ཞིག་བོད་ནང་དུ་ཡོད་པའི་གངས་རིན་པོ་ཆེར་གནས་སྐོར་དུ་འབྱོར་ཟིན་ཡོད་འདུག

ཟླ་འདིའི་ཚེས་༢༠ ཉིན་རྒྱ་གར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༢༠ ཉིན་རྒྱ་གར་ནས་བོད་ནང་དུ་ཡོད་པའི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་ལ་གནས་སྐོར་དུ་འགྲོ་མཁན་ཧིན་རྡུ་ཆོས་ལུགས་པའི་སྡེ་ཚན་དང་པོའི་མི་གྲངས་༥༤། རྒྱ་གར་བྱང་ཕྱོགས་ཨུ་ཊར་ཁན་མངའ་སྡེའི་ནང་གི་མཐོ་ཚད་དབྱིན་ཁྲུ་༡༦༥༠༠ ཡོད་པའི་ལི་པུ་ལེག་ལ་ཁ་བརྒལ་ནས་བོད་དུ་བསྐྱོད་ཡོད་པ་དང་། བོད་ནང་དུ་སླེབས་མཚམས་རྒྱ་ནག་གི་དམག་མིས་སྣེ་ལེན་བྱས་ཡོད་འདུག

གནས་སྐོར་བ་དེ་ཚོ་གངས་རིན་པོ་ཆེའི་ཁུལ་དུ་ཉིན་བརྒྱད་བསྡད་ནས། ཉིན་དགུ་པར་ཕྱིར་ལི་པུ་ལེག་ལ་ཁ་བརྒལ་ནས་རྒྱ་གར་ནང་དུ་ཡོང་རྒྱུ་ཡིན་འདུག རྒྱ་གར་ཕྱི་སྲིད་ལས་ཁང་ལ་ལོ་འདིར་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་མཆོད་མཇལ་དུ་འགྲོ་ཆེད། སྙན་ཞུ་རྒྱག་མཁན་མི་གྲངས་༤༤༤༢ བྱུང་ཡོད་འདུག་པ་དང་། ཕྱི་ལོ་༢༠༡༦ ལོར་སྙན་ཞུ་༢༦༠༠ འབྱོར་ཡོད་པ་རེད་འདུག སྙན་ཞུ་རྒྱག་མཁན་ཚོར་གློག་ཀླད་བརྒྱུད་རྒྱན་བརྒྱབ་ནས་འདེམས་སྒྲུག་བྱེད་ཀྱི་ཡོད་འདུག་པས། ལོ་འདིའི་ནང་རྒྱ་གར་ནས་བོད་ནང་དུ་གནས་སྐོར་ལ་འགྲོ་མཁན་གྱི་སྡེ་ཚན་༢༥ ཡོད་པ་དང་། སྡེ་ཚན་༡༨ ཀྱིས་ཨུ་ཊར་ཁན་མངའ་སྡེའི་ནང་ཡོད་པའི་ལི་པུ་ལེག་ལ་ཁ་བརྒྱུད་ནས་འགྲོ་རྒྱུ་ཡིན་འདུག སྡེ་ཚན་༧ གྱིས་སྒང་ཏོག་ཕྱོགས་སུ་ཡོད་པའི་རྣ་ཐོས་ལ་ལ་ཁ་བརྒྱུད་ནས་འགྲོ་རྒྱུ་ཡིན་འདུག་པས། ལོ་འདིར་ཁྱོན་བསྡོམས་པའི་འགྲོ་མཁན་མི་གྲངས་༡༤༣༠ ཡོད་འདུག

གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་སྐོར་དུ་འགྲོ་མཁན་ཁོངས་སུ། ནང་པ་དང་ཧིན་རྡུ། རྗེན། བོན་པོ་བཅས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།