རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁན་མངའ་སྡེའི་ཕུག་ལམ་ནང་དུ་ལྷག་པའི་མི་ཚང་མ་ཉིན་༡༧ རྗེས་སྐྱོབ་ཐུབ་འདུག

ཟླ་འདིའི་ཚེས་༢༩ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁན་མངའ་སྡེའི་ཕུག་ལམ་ཞིག་ཏུ་ཉིན་གྲངས་༡༧ རིང་ལྷག་མཁན་ལས་མི་༤༡ ཡོད་པ་ཚང་མ་ད་ལྟ་བདེ་བླག་ངང་ཕྱི་ལ་བཏོན་ཟིན་པའི་གནས་ཚུལ་ཐོན་འདུག

པར། རྒྱ་གར་གྱི་དུས་བབ།

ཟླ་འདིའི་ཚེས་༡༢ ་ཀྱི་ཞོགས་པ། རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁན་མངའ་སྡེའི་ནང་དུ་རྐོ་བཞིན་པའི་ས་འོག་ཕུག་ལམ་རིང་ཚད་ལ་མེ་ལི་༢.༨(Mile) ཡོད་པའི་ཕུག་ལམ་གྱི་སྒོ་ནས་མི་ཊར་༢༠༠ ཡི་མཚམས་སུ་ས་བརྡིབས་ཏེ་ལས་མི་༤༡ ཕུག་ལམ་གྱི་ནང་དུ་ལྷག་ཡོད་འདུག

ཐོག་མའི་ཉིན་ཁ་ཤས་རིང་། ཟ་མ་དང་འཕྲོད་བསྟེན་སོགས་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་ཀྱང་། ཟླ་འདིའི་ཚེས་༢༠ ནས་ཞེང་ཚད་ལ་ཨིན་ཅི་༦ ཡོད་པའི་ལྕགས་སྦུག་བརྒྱུད་ནས་ཕུག་ལམ་ཁྲོད་ལྷག་མཁན་ལས་མི་ཚོ་ལ་ཤིང་ཏོག་དང་ཁ་ལག དེ་བཞིན་སྨན་དང་འཚོ་རླུང་སོགས་ཀྱི་རིགས་མཁོ་སྤྲོད་བྱས་ཐུབ་ཡོད་པ་མ་ཟད། ཚེས་༢༡ ཉིན། ལྕགས་སྦུག་དེ་བརྒྱུད་ནས་བརྙན་ལེན་འཕྲུལ་ཆས་ཤིག་བཏང་སྟེ། ཕུག་ལམ་ནང་གི་ལས་མི་ཚོའི་ངོ་གདོང་ཐོག་མར་མཐོང་འདུག

ལས་མི་དེ་དག་གི་ཚེ་སྲོག་སྐྱོབ་པའི་ཆེད་དུ། འདས་པའི་ཉིན་གྲངས་༡༧ གྱི་རིང་། ས་གནས་ཉེན་རྟོག་པ་མི་གྲངས་༡༨༩ དང་འཕྲོད་བསྟེན་ལས་བྱེད་༡༠༦ ། ཧིན་བོད་ས་མཚམས་ཁག་ནས་ཉེན་རྟོག་པ་༧༧ དང་གློག་གི་སྡེ་ཚན་ནས་མི་གྲངས་༣༩ སོགས་གཞུང་གི་ལས་བྱེད་༦༥༢ ལྷག་གིས་ཐབས་ལམ་སྣ་ཚོགས་དང་འཕྲུལ་ཆས་རིམ་པ་སྣ་ཚོགས་སྤྱད་ནས་འབད་བརྩོན་བྱས་རྗེས། ཟླ་འདིའི་ཚེས་༢༨ དགོང་མོ་ལས་མི་༤༡ ཚང་མ་བདེ་བླག་ངང་ཕྱི་ལ་བཏོན་ཟིན་འདུག

ཁོང་རྣམས་ཕྱིར་ཐོན་རྗེས། ས་གནས་དེ་ནས་མེ་ལི་༡༨(Mile) ཙམ་ལ་ཡོད་པའི་སྨན་ཁང་ཞིག་ཏུ་གཟུགས་པོ་བརྟག་དཔྱད་བྱེད་པར་ཁྲིད་ཡོད་འདུག་ལ། ལས་མི་ཚོ་ཕྱི་ལ་ཐོན་པ་དང་། ཡུན་རིང་ངང་སྒུག་བྱེད་བཞིན་པའི་ས་གནས་མི་མང་དང་གཉེན་འབྲེལ་སོགས་ཀྱིས་མངར་ཟས་བཀྲམ་པ་དང་ཤོག་སྦག་སྤར་བ་སོགས་དགའ་ཚོར་ཆེན་པོ་བྱས་ཡོད་འདུག

ལྷག་པར་དུ་རྒྱ་གར་གྱི་སྲིད་བློན་དང་སྲིད་འཛིན་གཉིས་ཀྱིས་ཀྱང་། ཕུག་ལམ་དུ་ལྷག་པའི་ལས་མི་ཚོའི་སྙིང་སྟོབས་དང་བཟོད་སྲན་བསྔགས་བརྗོད་དང་། མྱུར་སྐྱོབ་ལས་མི་ཚོས་ལས་མི་༤༡ བདེ་ལེགས་ངང་མྱུར་སྐྱོབ་ཐོབ་པར་དགའ་བསུའི་འཚམས་འདྲི་ཞུས་ཡོད་འདུག

ཕུག་ལམ་དེ་ནི་མ་དངུལ་ཨ་སྒོར་ཐེར་འབུམ་༡.༥ ཅན་གྱི་ཅར་དྷམ་(Char Dham) ཞེས་པའི་གཞུང་ལམ་འཛུགས་བསྐྲུན་ལས་འཆར་གྱི་ཆ་ཤས་ཤིག་ཡིན་འདུག ལས་འཆར་དེའི་དམིགས་ཡུལ་གཙོ་བོ་ནི་མེ་ལི་༥༥༠ ཡི་འགྲོ་ལམ་བརྒྱུད་ནས་ཧིན་དུའི་ཆོས་ལུགས་ཀྱི་གནས་མཆོག་བཞིའི་བར་སྦྲེལ་མཐུད་བྱེད་རྒྱུ་དེ་ཆགས་ཡོད་འདུག ལས་འཆར་དེ་ནི་རྒྱ་གར་གྱི་སྲིད་བློན་མོ་དྷིས་དམིགས་ཡུལ་ཆེན་པོ་འཛིན་ས་ཞིག་ཡིན་ཡང་། འཁོར་ཡུག་ཆེད་ལས་མཁས་པ་ཚོས་ཧི་མ་ལ་ཡའི་ས་ཁུལ་དེར་རི་ཉིལ་བ་དང་ས་ཡོམ་འབྱུང་སླ་བས་ཕུག་ལམ་འཛུགས་བསྐྲུན་དེས་ཧི་མ་ལ་ཡའི་ཁོར་ཡུག་ལ་གནོད་འཚེ་འབྱུང་སྲིད་པ་རེད་ཅེས་སྐྱོན་བརྗོད་ཀྱང་བྱས་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།