རྒྱ་གར་མ་ནི་པུར་ནས་རྒྱ་མི་ཞིག་གསང་མྱུལ་བའི་དོགས་གཞིའི་འོག་འཇུ་བཟུང་།

ཟླ་འདིའི་ཕྱི་ཚེས་༢༧ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་ཤས་གོང་དུ་འབར་མ་དང་ས་མཚམས་ཁེལ་བའི་རྒྱ་གར་མ་ནི་པུར་མངའ་སྡེའི་ཏེང་ནོའུ་པོལ་ཞེས་པའི་རྫོང་ནས། རྒྱ་གར་དམག་མིའི་རུ་ཁག་ཅིག་གིས་རྒྱ་རིགས་ཆིན་མིན་ཞིའུ་ཞན་(Qin Min Xiv Xiang) ཞེས་པ། རྒྱ་ནག་གཞུང་གི་གསང་མྱུལ་བ་ཡིན་པའི་དོགས་གཞིའི་འོག་འཇུ་བཟུང་བྱས་ཡོད་འདུག

རྒྱ་རིགས་ཆིན་མིན་ཞིའུ་ཞང་ཞེས་པ་ནི་ད་ལྟ་རང་ལོ་༥༥ ཡིན་པ་དང་། ཁོང་རྒྱ་ནག་ཧྥུ་ཞན་(Fuzian)ཞིང་ཆེན་ནས་ཡིན་འདུག་ཅིང་། ཁོས་རྒྱ་ནག་དང་། ཝེ་ཏི་ནམ། འབར་མ་བཅས་ཀྱི་ཡིག་ཆ་དང་། ཕྱི་རྒྱལ་གྱི་དངུལ་ལོར། ཐེབ་སྡེར་གཅིག ཕྱོགས་སྟོན་འཁོར་ལོ་བཅས་ཁྱེར་ཡོད་པ་འཇུ་བཟུང་བྱས་རྗེས་ཤེས་རྟོགས་བྱུང་ཡོད་འདུག

རྒྱ་གར་དམག་མི་ལ་རྒྱ་ནག་གི་གསང་མྱུལ་བ་རུ་དོགས་པའི་མི་ཞིག་འབར་མ་ནས་རྒྱ་གར་གྱི་གྲོང་གསེབ་ཅིག་ནང་འཇབ་འཛུལ་བྱེད་ཐབས་འཐེན་གྱི་ཡོད་པའི་གནས་ཚུལ་རག་རྗེས། དམག་མིའི་རུ་ཁག་ཅིག་གིས་གློ་བུར་དུ་འཛིན་བཟུང་བྱས་ཡོད་འདུག

འཛིན་བཟུང་བྱེད་མཁན་རྒྱ་གར་གྱི་དཔུང་དམག་(Assam Rifles)ཞེས་པས། ད་ལྟའི་ཆར་མི་དེ་འཇུ་བཟུང་བྱས་པའི་སྐོར་གང་ཡང་བརྗོད་མེད་པ་དང་། བརྟག་ཞིབ་བྱེད་བཞིན་པའི་སྒང་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།