རྒྱ་གར་འཛམ་གླིང་ཐོག་དཔལ་འབྱོར་ཨང་ལྔ་པར་སོན་འདུག
ཟླ་འདིའི་ཚེས་༤ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་མང་པོས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་ནི་འཛམ་གླིང་ཐོག་དཔལ་འབྱོར་ཨང་ལྔ་པར་སོན་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ལོ་༢༠༡༤ ལོར་རྒྱ་གར་ནི་འཛམ་གླིང་ཐོག་གི་དཔལ་འབྱོར་ཨང་བཅུ་པ་དེ་ཡིན་མོད། རྒྱལ་སྤྱིའི་མ་དངུལ་ཐེབས་རྩའི་གྲངས་ཐོ་ལྟར་ན། ད་ལྟའི་ཆར་འཛམ་གླིང་ཐོག་གི་དཔལ་འབྱོར་ཨང་ལྔ་པར་སོན་ཡོད་པར་བརྟེན། དབྱིན་ཇི་ནི་འཛམ་གླིང་ཐོག་གི་དཔལ་འབྱོར་ཨང་དྲུག་པར་མར་ཟག་ཡོད་འདུག།
ད་ལྟའི་ཆར་འཛམ་གླིང་ཐོག་དཔལ་འབྱོར་ཨང་དང་པོ་ནི་ཨ་རི་དང་། ཨང་གཉིས་པ་རྒྱ་ནག ཨང་གསུམ་པ་ཉི་ཧོང་དང་ཨང་བཞི་པ་ནི་ཇར་མི་ནི་བཅས་ཡིན་པ་དང་། རྒྱ་གར་དབུས་གཞུང་དངུལ་ཁང་གིས་ཞིབ་འཇུག་སྙན་ཐོ་ཞིག་སྤེལ་བའི་ནང་དུ། རྒྱ་གར་གྱི་དཔལ་འབྱོར་འཕར་ཚད་ད་ལྟ་བཞིན་མུ་མཐུད་དུ་རྒྱུན་སྐྱོང་བྱེད་ཐུབ་ཚེ། ཕྱི་ལོ་༢༠༢༧ ལོར་རྒྱ་གར་ནི་འཛམ་གླིང་ཐོག་དཔལ་འབྱོར་ཨང་བཞི་པ་དང་ཕྱི་ལོ་༢༠༢༩ ལོར་རྒྱ་གར་ནི་འཛམ་གླིང་ཐོག་དཔལ་འབྱོར་ཨང་གསུམ་པ་ཆགས་རྒྱུ་ཡིན་རབས་བརྗོད་བཞིན་འདུག
ད་ལྟའི་ཨུ་རུ་སུ་དང་ཡུག་རེན་བར་གྱི་དམག་འཁྲུག་དང་སྣུམ་དང་སོལ་རླངས་ཀྱི་གོང་ཚད་སོགས་འཕར་བཞིན་པའི་དུས་སྐབས་སུ། དབྱིན་ཡུལ་གྱི་ནང་དུ་ཡུལ་ཐང་བརྒྱ་ཆ་༡༠% འཕར་ཡོད་པ་དང་ཨ་རིའི་ནང་དུ་ཡུལ་ཐང་བརྒྱ་ཆ་༩% འཕར་ཡོད་ན་ཡང་། རྒྱ་གར་གྱི་ནང་དུ་ཡུལ་ཐང་བརྒྱ་ཆ་༧% ཙམ་ལས་འཕར་མེད་པ་དང་དང་དེ་ནི་རྒྱུན་ལྡན་གྱི་འཕར་ཚད་ཅིག་ཡིན་པའི་གནས་ཚུལ་ཐོན་འདུག
ད་ལྟའི་ཆར་རྒྱ་གར་ལ་མི་འབོར་ཐེར་འབུམ་༡,༤༡ ཡོད་པ་དང་། དབྱིན་ཇི་ལ་མི་འབོར་ས་ཡ་༦༨,༥ མ་གཏོགས་མེད་པས། རྒྱ་གར་གྱི་མི་འབོར་དང་བསྡུར་ན་མི་འབོར་ལྡབ་ཉི་ཤུ་ཡིས་ཉུང་བ་ཡོད་འདུག་པས། རྒྱ་གར་གྱི་ཆ་སྙོམ་ཡོང་འབབ་ནི་དབྱིན་ཇི་དང་བསྡུར་ན་ཧ་ཅང་ཞན་པོ་ཡོད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།