རྒྱ་གར་རང་བཙན་ཐོབ་སྟེ་མི་ལོ་ ༧༩ འཁོར་བའི་དུས་ཆེན་བོད་མིའི་སྒྲིག་འཛུགས་གཞུང་འབྲེལ་གྱིས་སྲུང་བརྩི་ཞུས། 

པར་བོད་ཀྱི་བང་ཆེན་གསར་ཁང་།

ཕྱི་ཟླ་༠༨ པའི་ཚེས་ ༡༥ ནི་ཨིན་གཞུང་གི་དབང་བསྒྱུར་འོག་ནས་རྒྱ་གར་ལ་རང་བཙན་ཐོབ་པའི་དུས་ཆེན་ཡིན་པ་བཞིན་བོད་མིའི་སྒྲིག་འཛུགས་ནས་ཀྱང་ལོ་ལྟར་དུས་ཆེན་དེ་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། འདི་ལོ་རྒྱ་གར་རང་བཙན་ཐོབ་སྟེ་མི་ལོ་ ༧༩ ཧྲིལ་པོ་འཁོར་བའི་དུས་ཆེན་དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཡུལ་རྒྱ་གར་རྒྱལ་ཁབ་ལ་བཀའ་དྲིན་བསམ་ཤེས་དང་། ཆེ་མཐོང་མཚོན་ཆེད་ནང་སྲིད་ལས་ཁུངས་དང་བདེ་སྲུང་ལས་ཁུངས་ཀྱི་མདུན་ཐང་དུ། སྔ་དྲོའི་ཆུ་ཚོད་ ༩:༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་གཙོས་དྲུང་ལས་ཡན་གྱི་ལས་བྱེད་རྣམ་པ་ཚང་འཛོམས་ཐོག་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་དང་། 

མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མས་རྒྱ་གར་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བཅས་རྒྱལ་དར་སྒྲེང་འཛུགས་གནང་ཞིང་།  དེ་རྗེས་གསར་འགོད་པའི་བཅར་འདྲིའི་སྐབས་སུ་འཚམས་འདྲི་དང་འབྲེལ་ནས་གསུངས་དོན། རྒྱ་གར་ལ་རང་བཙན་ཐོབ་ནས་མི་ལོ་ ༧༩ འཁོར་བའི་དུས་ཆེན་ལ་རྒྱ་གར་གཞུང་མང་གཉིས་ལ་བོད་ཕྱི་ནང་གཉིས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ།  འཛམ་གླིང་འདིའི་ནང་མང་གཙོ་རྒྱལ་ཁབ་སྟོབས་ཆེ་ཤོས་ནི་རྒྱ་གར་ཆགས་ཀྱི་ཡོད། དེ་བཞིན་མི་འབོར་གྱི་ཆ་ནས་ཀྱང་རྒྱ་གར་ཨང་དང་པོ་ཆགས་ཀྱི་ཡོད་པ་མ་ཟད། དཔལ་འབྱོར་གྱི་ཆ་ནས་ཀྱང་ལོ་བདུན་ཅུ་དོན་བརྒྱད་དང་དོན་དགུའི་ནང་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད།

ང་ཚོ་བོད་མི་སྐྱབས་བཅོལ་བ་རྒྱ་གར་དུ་གནས་བཞིན་པ་དེ་དག་དུས་རྟག་ཏུ་རྒྱ་གར་རྒྱལ་ཁབ་དེ་རྩ་ཆེན་པོ་ཞིག་དང་བཀའ་དྲིན་ཧ་ཅང་ཆེན་པོོ་ཡིན་པ་དུས་དང་རྣམ་པ་ཀུན་ཏུ་དྲན་དགོས། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ཏེ་བོད་མི་མང་དག་ཅིག་སྐྱབས་བཅོལ་དུ་ཡོང་དགོས་པའི་གནས་སྟངས་ཆགས་པའི་སྐབས་རྒྱ་གར་ལ་རང་བཙན་ཐོབ་སྟེ་ལོ་ ༡༢ ཙམ་ལས་ཕྱིན་མེད་ནའང་སྐབས་དེར་རྒྱ་གར་ལ་དཔལ་འབྱོར་སོགས་ཀྱི་དཀའ་ངལ་མང་དག་ཅིག་ཡོད་ཀྱང་བོད་མི་རྣམས་ལ་དགའ་པོའི་ངང་རྒྱ་གར་དུ་གནས་སྡོད་ཆོག་པ་དང་།  བོད་ཀྱི་ཆོས་དང་ལེགས་བྱང་སོགས་གང་ཅིའི་ཐད་ནས་སྲུང་སྐྱོབ་དང་། ཉམས་པ་སླར་གསོ་ཐུབ་པ་དེ་རྒྱ་གར་གཞུང་གི་བཀའ་དྲིན་ཡིན། དེར་བརྟེན་བོད་མིའི་སྒྲིག་འཛུགས་དང་། བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས། 

ཐེངས་འདིའི་བྱེད་སྒོ་གྲུབ་རྗེས་མཛད་གཙོ་རྣམ་པས་གཙོས་པའི་སྲི་ཞུའི་ལས་བྱེད་རྣམས་ནས་གསོལ་ཇ་དང་མངར་ཟས་ལ་རོལ་བ་དང་།དེར་ཡོད་ཉེ་འཁོར་གྱི་ཡུལ་མི་དག་ལ་མངར་ཟས་བྱིན་པ་སོགས་ཀྱིས་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རེད། གཞན་ཡང་ད་ལྟའི་ཆར་མི་སྒེར་ཕུད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་དཔེ་མཛོད་ཁང་བཅས་ནས་དུས་ཆེན་དང་འབྲེལ་ཏེ་རྒྱ་གར་གཞུང་དམངས་གཉིས་ལ་འཚམས་འདྲི་ཞུས་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།