རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཕྱིར་འཐེན་བྱས་འདུག
སློབ་ཕྲུག་ཚོའི་འཕྲོད་བསྟེན་དང་བདེ་འཇགས་གལ་གནད་ཆེ་ཤོས་ཡིན་སྐོར་བརྗོད་ནས། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཕྱིར་འཐེན་བྱས་འདུག་པ་དང་། ཐག་གཅོད་དེར་འབྲེལ་ཡོད་ཕ་མ་དང་སློབ་ཕྲུག་མང་པོས་དགའ་བསུ་ཞུ་བཞིན་འདུག
ཟླ་༦ པའི་ཚེས་༡ ཉིན་རྒྱ་གར་གྱི་སྲིད་བློན་མཱོ་རྡི་དང་རྒྱ་གར་གྱི་ཤེས་ཡོན་ལྷན་ཁང་། དབུས་བློན་ཆེན་ཁག་ཅིག་སོགས་ཀྱི་བར་དུ་ཚོགས་འདུ་ཞིག་འཚོགས་ནས། མཐའ་མའི་ཐག་གཅོད་དེར་འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་དེར་ཕྱིར་འཐེན་བྱེད་རྒྱུ་དང་། སློབ་ཕྲུག་རྣམས་ཀྱི་བརྒྱ་ཆ་དེ་དྲང་བདེན་གྱི་དཔྱད་གཞིའི་ལམ་ལུགས་ཤིག་བཟོས་ནས། དེ་དང་བསྟུན་ནས་བརྒྱ་ཆ་སྤྲོད་རྒྱུ་ཡིན་པ་དང་། གལ་ཏེ་སློབ་མ་རྣམས་ལམ་ལུགས་དེ་ལས་ཐོབ་པའི་བརྒྱ་ཆར་འདོད་པ་མ་ཁེངས་ཚེ། གནས་སྟངས་ཡག་ཏུ་སོང་རྗེས་ཡིག་རྒྱུགས་གཏོང་བའི་གོ་སྐབས་སྤྲོད་རྒྱུ་ཡིན་པའི་ཐག་གཅོད་བྱས་འདུག
སྐབས་དེར་རྒྱ་གར་གྱི་སྲིད་བློན་མཱོ་རྡི་ཡིས་སློབ་ཕྲུག་ཚོའི་འཕྲོད་བསྟེན་དང་བདེ་འཇགས་གལ་གནད་ཆེ་ཤོས་ཡིན་པས། ཡིག་རྒྱུགས་དེ་ཕྱིར་འཐེན་བྱེད་རྒྱུ་གལ་ཆེན་ཆགས་ཡོད་སྐོར་བརྗོད་ཡོད་འདུག
དེ་སྔོན་ཟླ་༤ པའི་ནང་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཕྱིར་འཐེན་དང་། བཅུ་གཉིས་ཀྱི་ཡིག་རྒྱུགས་དེ་ཕྱིར་འགྱངས་བྱེད་རྒྱུ་ཐག་གཅོད་བྱས་ནས། ཟླ་༦ པའི་ཚེས་༡ ཉིན་ཏོག་དབྱིབས་གནས་སྟངས་བསྐྱར་ཞིབ་བྱས་ཏེ། མདུན་སྐྱོད་བྱེད་ཕྱོགས་ཐག་གཅོད་བྱེད་རྒྱུ་ཡིན་སྐོར་དང་། གལ་ཏེ་ཡིག་རྒྱུགས་གཏོང་རྒྱུ་ཐག་གཅོད་བྱུང་ཚེ། ཡིག་རྒྱུགས་ཀྱི་ཚེས་གྲངས་སྔོན་གྱི་ཉིན་གྲངས་ཉུང་མཐར་༡༥ ཡི་སྔོན་ལ་བརྡ་ལན་ཕུལ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད་དེ། ཐེངས་འདིར་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཕྱིར་འཐེན་བྱེད་རྒྱུ་ཐག་གཅོད་བྱུང་ཡོད་པ་རེད་འདུག
སྤྱིར་རྒྱ་གར་ནང་དེ་སྔོན་དང་བསྡུར་ན་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཏོག་ཙམ་ཡག་ཏུ་ཕྱིན་ཡོད་ཀྱང་། ཛ་དྲག་གི་གནས་སྟངས་མུ་མཐུད་གནས་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།