རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་སྐབས་བོད་པའི་སློབ་ཕྲུག་ཚོས་གྲུབ་འབྲས་ཡག་པོ་བླངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ།

ཟླ་འདིའི་ཚེས་༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། འདི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་བོད་སློབ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་གྲུབ་འབྲས་རྒྱ་གར་སློབ་གྲྭ་ཁག་ལས་མཐོ་བ་སོན་པའི་གཏམ་བཟང་གི་གནས་ཚུལ་ཐོན་འདུག

དེ་ཡང་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་ཕྱི་ལོ ༢༠༢༤ ཟླ་ ༥ ཚེས་ ༡༣ ཉིན་འཛིན་རིམ་བཅུ་གཉིས་དང་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་བྱས་ཡོད་འདུག་པ་དང་། འདི་ལོར་བཙན་བྱོལ་བོད་མིའི་སློབ་གྲྭ་ ༡༣ ནས་ཁྱོན་བསྡོམས་སློབ་ཕྲུག་ ༩༦༢ ཀྱིས་ཕྱི་ལོ ༢༠༢༤ ཟླ་ ༣ ཚེས་ ༡༥ ནས་ཟླ་ ༤ ཚེས་ ༢ བར་འཛིན་རིམ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་མཉམ་ཞུགས་བྱས་ཏེ། སློབ་གྲྭ་ ༡༡ གི་རྒྱུགས་འཕྲོད་བརྒྱ་ཆ་ ༡༠༠ ཡིན་པའི་ཐོག་སྤྱི་ཡོངས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༩་༦༩ དང་། ཆ་སྙོམས་བརྒྱ་ཆ་ ༧༥་༠༡ ཐོབ་ཡོད་འདུག་པ་དང་།
འཛིན་རིམ་བཅུ་གཉིས་ཁྲོད་ནས་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་མ་སྐལ་ལྡན་ཚེ་རིང་གིས་བརྒྱ་ཆ་ ༩༥་༢ དང་། རིན་ཆེན་ཀརྨ་མཚོ་མོས་བརྒྱ་ཆ་ ༩༥ བླངས་ཏེ་ཤེས་རིག་ལས་ཁུངས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་ཡོད་ཅིང་། ཁོང་གཉིས་ལ་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢ བོད་ལྗོངས་མང་གཙོའི་ཉིན་མོའི་གཞུང་འབྲེལ་མཛད་སྒོར་ལག་ཁྱེར་དང་པང་ཐོག་ཀམ་པུ་ཊར་རེ་གནང་རྒྱུ་གཏན་འཁེལ་ཡིན་འདུག
གཞན་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༥ ནས་ཟླ་ ༣ ཚེས་ ༡༣ བར། རྒྱ་གར་ནང་བོད་མིའི་སློབ་གྲྭ་ ༢༣ ནས་ཁྱོན་བསྡོམས་སློབ་ཕྲུག་ ༡༠༠༧ ཡིས་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ནང་མཉམ་ཞུགས་བྱས་ཏེ། སློབ་གྲྭ་ ༡༣ གིས་རྒྱུགས་འཕྲོད་བརྒྱ་ཆ་ ༡༠༠ བླངས་པའི་ཐོག་སྤྱི་ཡོངས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༧་༡༢ དང་། ཆ་སྙོམས་བརྒྱ་ཆ་ ༦༣་༣༠ ཐོབ་སྟེ་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཅུང་ཡར་རྒྱས་ཕྱིན་ཡོད་པར་བརྗོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ།

འདི་ལོའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གང་ལེགས་བྱུང་བ་དང་ཨང་དང་པོ་སོན་མཁན་བཅས་ལ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མས། ཁོང་སྒེར་དང་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འབྲེལ་ཡོད་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་ཡི་རང་བསྔགས་བརྗོད་དང་། མ་འོངས་པར་མུ་མཐུད་ཤུགས་རྒྱག་དགོས་པའི་ནན་སྐུལ་དང་། དེ་དག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་དང་། དེ་བཞིན་སཾབྷོ་ཊ་སློབ་གྲྭ་ཁག་གི་སློབ་སྤྱི་དང་། དགེ་ཆེ། དགེ་རྒན། སློབ་ཕྲུག་གི་ཕ་མ། ལྷག་པར་དུ་སློབ་ཕྲུག་བཅས་ཚང་མས་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་སྐུ་ལས་བསྐྱོན་པའི་འབྲས་བུ་ཞིག་ཡིན་པར་ངོས་འཛིན་ཞུ་ཡི་ཡོད་སོགས་གསུངས་འདུག
གོང་གསལ་གནས་ཚུལ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་ནས་བཏུས།