རྒྱ་གར་ལྷོ་བྱང་ཁུལ་གྱི་བཙན་བྱོལ་བོད་པའི་སློབ་གྲྭ་ནང་ཁུལ་གྱི་རིག་གཞུང་འདུ་འཛོམས།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་དང་ལམ་སྟོན་འོག་རྒྱ་གར་བྱང་ཤར་ཁུལ་དང་། ལྷོ་ཁུལ་བཅས་ཀྱི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཞེས་པ། ས་ཁུལ་ཁག་བཞི་རུ་ཆ་བགོས་ཞུས་ཏེ་ཕྱི་ཟླ་༡༠ པའི་ཚེས་༦ ཉིན་དྷ་ས་ཁུལ་ནས་འགོ་བཙུགས་ཡོད་པ་སྟེ། ཕྱི་ཟླ་ ༡༠ ཚེས་ ༦ དང་ ༧ བཅས་ལ་དྷ་ས་ཁུལ་གྱི་སློབ་གྲྭ་ ༨ ནས་སློབ་ཕྲུག་ ༡༩༧ གོ་པལ་པུར་བོད་ཁྱིམ་སློབ་གྲྭ་རུ་འཚོགས་ཡོད་པ་དང་། སྡེ་ར་ལྡུན་ཁུལ་གྱི་སློབ་གྲྭ་ ༧ ནས་སློབ་ཕྲུག་ ༡༤༢ མ་སུ་རི་བོད་ཁྱིམ་སློབ་གྲྭར་འཚོགས། དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༡༢ དང་ ༡༣ བཅས་ལ་རྒྱ་གར་བྱང་ཤར་ཁུལ་གྱི་སློབ་གྲྭ་ ༦ ནས་སློབ་ཕྲུག་ ༡༣༢ ཀ་སྦུག་སཾ་བྷོ་ཊ་གཏན་སློབ་ཏུ་འཚོགས་པ་དང་། རྒྱ་གར་ལྷོ་ཁུལ་སློབ་གྲྭ་ ༦ ནས་སློབ་ཕྲུག་ ༡༣༤ སྦེལ་ཀོབ་ལུགས་བསམ་སཾ་བྷོ་ཊ་ཉིན་སློབ་ཏུ་འཚོགས་ཡོད་འདུག ཐེངས་འདིའི་སློབ་ཕྲུག་འདུ་འཛོམས་ཐོག་བོད་སྐད་དང་ཨིན་སྐད་བགྲོ་གླེང་། བོད་ཡིག་དང་ཨིན་ཡིག་ཐོག་སྙན་ཚིག་གྱེར་འདོན། དགག་སྒྲུབ་ཀྱི་གཏམ་བཤད། བོད་སྐད་གཏམ་བརྗོད་དང་། སྲོལ་རྒྱུན་བོད་ཀྱི་ཟུང་གཞས་འཁྲབ་སྟོན་སོགས་བྱས་ཡོད་པ་དང་། མཉམ་ཞུགས་གནང་མཁན་སློབ་གྲྭ་ ༢༧ ནས་ཁྱོན་སློབ་ཕྲུག་ ༦༠༥ ཙམ་བྱུང་ཡོད་འདུག འདུ་འཛོམས་འདིའི་འགྲོ་གྲོན་ཡོངས་རྫོགས་ཁེ་ན་ཌ་རོགས་ཚོགས་ཀྱིས་མཐུན་འགྱུར་གནང་བ་ཞིག་ཡིན་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།