རྒྱ་གར་ས་གནས་གྲོས་ཚོགས་འོས་བསྡུའི་ནང་བོད་མི་བཀག་འགོག
དྷ་སའི་ཉེ་འགྲམ་གྱི་བོད་པའི་གཞིས་ཆགས་བཀྲ་ཤིས་ལྗོངས་ཀྱི་བོད་མི་རྒྱ་གར་གྱི་འོས་འཕེན་ལག་ཁྱེར་ཡོད་པ་རྣམས་ལ། རྒྱ་གར་ས་གནས་གྲོས་ཚོགས་ཀྱི་འོས་བསྡུ་ལ་འོས་འཕེན་པར་བཀག་བསྡོམས་བྱས་འདུག
དེ་ཡང་ཟླ་འདིའི་ཚེས་༡༠ ཉིན། ཧི་མ་ཅཱལ་མངའ་སྡེའི་ན་གྷར་ས་གནས་ཀྱི་གྲོས་ཚོགས་འོས་བསྡུའི་སྐབས། བོད་མི་བརྒྱ་ཙམ་འོས་བསྡུའི་དེབ་སྐྱེལ་བྱས་ཡོད་ཀྱང། བོད་མི་ཚོས་འོས་ཤོག་འཕེན་མཁན་གྱི་མིང་གཞུང་རྒྱ་གར་ཧི་མ་ཅལ་མེད་པས། འོས་འཕེན་མི་ཆོག་སྐོར་བརྗོད་ཡོད་སྐོར་བཀྲ་ཤིས་ལྗོངས་བོད་མིའི་གཞིས་ཆགས་སུ་གནས་སྡོན་བྱེད་མཁན་ཞིག་གིས་འགྲེལ་བརྗོད་བྱས་སོང་།
དེ་ཡང་རྒྱ་གར་འོས་བསྡུའི་ལས་བྱེད་ཅིག་གིས་དྷ་སའི་རྫོང་དཔོན་གཞོན་པས། བོད་མི་འོས་ཤོག་བླུགས་མཁན་རྣམས་བཀག་འགོག་བྱེད་དགོས་པར་བཀའ་བཏང་ཡོད་སྐོར་ལས། རྒྱུ་མཚན་གང་ཡིན་འགྲེལ་བརྗོད་བྱས་མེད་པ་རེད།
ཕྱི་ལོ་༢༠༡༤ ལོར་རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གིས་ས་གནས་འོས་བསྡུ་ལྷན་ཁང་ཁག་ལ། ཕྱི་ལོ་༡༩༥༠ ནས་༡༩༨༧ བར་རྒྱ་གར་ནང་ལ་སྐྱེས་པའི་བོད་པ་ཚོར། རྒྱ་གར་གྱི་འོས་བསྡུར་དེབ་སྐྱེལ་བྱེད་ཆོག་གི་ཡོད་པའི་བཀོད་ཁྱབ་བཏང་ཡོད་པ་རེད། དེ་ཡང་རྒྱ་གར་གྱི་ཁྲིམས་ལ། ཕྱི་ལོ་༡༩༥༠ ཟླ་༡ པོའི་ཚེས་༢༦ ནས་ཕྱི་ལོ་༡༩༨༧ ཟླ་༧ པའི་ཚེས་༡ བར་ལ་སྐྱེས་པའི་མི་ཚང་མ། རྒྱ་གར་གྱི་མི་སེར་ཐོབ་ཐང་ཡོད་པ་བཀོད་ཡོད་པས་ཡིན་འདུག
ཕྱི་ལོ་༢༠༡༤ ལོར་རྒྱ་གར་གྱི་གྲོས་ཚོགས་འོས་བསྡུའི་སྐབས། ཧི་མ་ཅཱལ་མཁང་ཁོངས་ནས་བོད་མི་འོས་བསྡུའི་དེབ་སྐྱེལ་ཡོད་མཁན་༡༢༠༠ ཙམ་གྱིས་འོས་འཕངས་ཡོད་པ་རེད། དེ་ཡང་སྐབས་དེར་བཙན་བྱོལ་སྤྱི་ཚོགས་ནང་རྒྱ་གར་གྱི་འོས་བསྡུའི་ཐོབ་ཐང་དང་མི་སེར་ཐོབ་ཐང་སྐོར་ལ་བསམ་ཚུལ་འདྲ་མིན་གླེང་སློང་བྱུང་ཡོད་པ་རེད།
ས་གནས་དྷ་སའི་རྒྱ་གར་ས་གནས་ཀྱི་འོས་བསྡུ་དེ་འདི་ལོའི་ཕྱི་ཟླ་༢ པའི་ནང་ཡིན་པ་དང། ད་ལྟའི་ཆར་བོད་མི་དེབ་སྐྱེལ་བྱས་པའི་གྲངས་ཐོ་གསལ་པོ་ཤེས་ཐབས་མེད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།