རྒྱ་དཀར་ནག་གཉིས་ཀྱི་དབུ་ཁྲིད་ཕན་ཚུན་འཚམས་འདྲི་བྱས་འདུག
ཟླ་འདིའི་ཚེས་༡༦ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་མང་པོའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་སྲིད་བློན་མུ་དྷི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཉིས་ཀྱིས་ཕན་ཚུན་ལག་པ་བཏང་ནས་འཚམས་འདྲི་ཞུ་རེས་བྱས་ཡོད་འདུག
ཟླ་འདིའི་ཚེས་༡༥ ནས་ཉིན་གྲངས་གཉིས་ཀྱི་རིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཡི་ཆེས་མཐོའི་ལྷན་ཚོགས་དེ་ཧིན་རྡུ་ནི་ཤི་ཡ་ལ་ཚོགས་འགོ་བཙུགས་ཡོད་པ་དང་། ཟླ་འདིའི་ཚེས་༡༥ དགོང་མོར་ཚོགས་འདུ་གཙོ་སྐྱོང་བྱེད་མཁན་ཧིན་རྡུ་ནི་ཤི་ཡའི་སྲིད་འཛིན་གྱིས་ཚོགས་བཅར་བ་ཚོ་ལ་གསོལ་སྟོན་ཞིག་བཤམས་ཡོད་པའི་སྐབས་སུ། རྒྱ་གར་གྱི་སྲིད་བློན་མུ་དྷི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཉིས་ཀྱིས་ཕན་ཚུན་ལག་པ་བཏང་ནས་འཚམས་འདྲི་ཞུ་རེས་བྱས་ཡོད་འདུག
ཕྱི་ལོ་༢༠༢༠ རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་དྲག་པོའི་གདོང་ཐུག་བྱུང་ཡོད་པ་དང་། དུས་དེ་ནས་བཟུང་ཕྱོགས་གཉིས་ཀྱི་དབུ་ཁྲིད་བར་མཇལ་འཕྲད་བྱས་མེད་པ་དང་། ལྷག་པར་དུ་ལོ་འདིའི་ཟླ་བ་༩ པའི་ནང་ཧྲང་ཧེ་མཉམ་ལས་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་ཐེངས་༢༢ པ་དེ་ཉིད་ཨུ་ཛུ་བྷེ་ཁི་སི་ཐན་དུ་ཚོགས་ཡོད་པ་དང་། སྐབས་དེའི་ཚོགས་འདུ་ལ་རྒྱ་གར་གྱི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀ་ཕེབས་ཡོད་ན་ཡང་། དབུ་ཁྲིད་གཉིས་ཀྱིས་ཕན་ཚུན་འཚམས་འདྲི་ཞུ་བ་དང་སྐད་ཆ་བཤད་པའི་གནས་ཚུལ་གང་ཡང་བྱུང་མེད་པ་རེད་འདུག
ཐེངས་འདིའི་ལྷན་ཚོགས་སུ་ཕེབས་མཁན་རྒྱལ་ཁབ་ཁག་ཅིག་གི་དབུ་ཁྲིད་དང་རྒྱ་གར་གྱི་སྲིད་བློན་བར་མཇལ་འཕྲད་བྱེད་རྒྱུའི་མཛད་རིམ་བཟོས་ཡོད་ན་ཡང་། རྒྱ་ནག་གི་སྲིད་འཛིན་དང་ཐུག་འཕྲད་བྱེད་རྒྱུའི་མཛད་རིམ་གང་ཡང་བཟོས་མེད་པར་བརྟེན། ཐེངས་འདིའི་དབུ་ཁྲིད་གཉིས་ཀྱིས་ཕན་ཚུན་ལག་པ་བཏང་ནས་འཚམས་འདྲི་དང་བཀའ་མོལ་གནང་བཞིན་པའི་གནས་ཚུལ་དེར་མི་མང་པོས་དོ་སྣང་བྱེད་བཞིན་འདུག
ཕྱི་ལོ་༢༠༢༠ ལོ་ཟླ་བ་༦ པའི་ནང་ལ་དྭགས་ཕྱོགས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མི་བར་དྲག་པོའི་གདོང་ཐུག་བྱུང་ནས་རྒྱ་ནག་གི་དམག་མི་༤༣ དང་རྒྱ་གར་གྱི་དམག་མི་༢༠ ཡི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་ཡོད།།
གསར་འགོད་པ། བློ་བཟང་རྒྱ་མཚོ།