རྒྱ་དཀར་ནག་གཉིས་ཀྱིས་གྲོས་མོལ་ཐེངས་༡༩ པ་དེ་བྱེད་བཞིན་ཡོད་འདུག
ཟླ་འདིའི་ཚེས་༡༣ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༤ ཉིན་རྒྱ་དཀར་ནག་གཉིས་ཀྱིས་ལ་དྭགས་ཤར་ཕྱོགས་སུ་ཡོད་པའི་ཆུ་ཤུལ་དུ་གྲོས་མོལ་ཐེངས་༡༩ པ་དེ་བྱེད་རྒྱུ་ཡིན་པའི་གནས་ཚུལ་སྤེལ་འདུག

ཐེངས་འདིའི་གྲོས་མོལ་ནང་རྒྱ་གར་གྱི་ཕྱོགས་ནས་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ཡོད་པའི་དམག་དཔུང་གི་དམག་སྤྱི་ར་ཤིམ་བྷ་ལིས(Rashim Bali) ་རྒྱ་གར་གྱི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་བྱས་ནས་ཚོགས་འདུ་ལ་ཞུགས་རྒྱུ་དང་རྒྱ་ནག་གི་ཕྱོགས་ནས་ཞིན་ཅང་ལྷོ་ཕྱོགས་ཀྱི་དམག་ཁུལ་ཁང་གི་དམག་དཔོན་གྱིས་སྣེ་ཁྲིད་བྱས་ནས་ཚོགས་འདུ་ལ་མཉམ་ཞུགས་བྱ་རྒྱུ་ཡིན་འདུག
འདས་པའི་ལོ་ངོ་བཞི་ཙམ་གྱི་རིང་འཕགས་བོད་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མི་ཕྱིར་འཐེན་མ་བྱས་པར་ལྷག་བཞིན་ཡོད་པར་བརྟེན། ཐེངས་འདིའི་གྲོས་མོལ་བརྒྱུད་ནས་རྒྱ་གར་གྱིས་ས་མཚམས་ཀྱི་རྙོག་གླེང་ཆེ་བའི་ས་ཚུགས་ནས་དམག་མི་ཕྱིེར་འཐེན་བྱེད་རྒྱུར་འབད་བརྩོན་བྱེད་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
ཟླ་འདིའི་ཚེས་༢༢ ནས་བྷི་རིག་སི་(BRICS) ཚོང་དོན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་དེ་ལྷོ་ཨ་ཧྥི་རི་ཁ་ལ་འཚོག་རྒྱུ་དང་། སྐབས་དེའི་ཚོགས་ཐོག་ཏུ་རྒྱ་ནག་གི་སྲིད་འཛིན་ཞིན་ཅིང་ཕིང་དང་རྒྱ་གར་གྱི་སྲིད་བློན་མུ་དྷི་གཉིས་ཀ་ཕེབས་འཆར་ཡོད་རུང་། ཕྱོགས་གཉིས་ཀྱི་འགོ་ཁྲིད་བར་ཐུག་འཕྲད་བྱས་མིན་གྱི་མཛད་རིམ་གང་ཡང་གཏན་འབེབས་བྱས་མེད་པ་རེད་འདུག ལྷག་པར་དུ་ལོ་འདིའི་ཕྱི་ཟླ་༩ པའི་ནང་ཞིན་ཅིང་ཕིང་རྒྱ་གར་དུ་ཡོང་ནས་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་ཀྱི་ཐོག་མཉམ་ཞུགས་བྱེད་རྒྱུ་ཡིན་འདུག ཕྱི་ལོ་༢༠༡༩ ནས་ད་བར་གཞུང་འབྲེལ་ཐོག་རྒྱ་དཀར་ནག་གཉིས་ཀྱི་འགོ་ཁྲིད་བར་ཐུག་འཕྲད་བྱས་མེད་པ་རེད་འདུག

འཕགས་བོད་ས་མཚམས་ཀྱི་གནད་དོན་དང་འབྲེལ་རྒྱ་དཀར་ནག་གཉིས་ད་བར་གྲོས་མོལ་ཐེངས་མང་བྱས་ཡོད་འདུག་ལ། གྲོས་མོལ་ཐེངས་༡༨ པ་དེ་ལ་དྭགས་ཤར་ཕྱོགས་སུ་ཡོད་པའི་ཆུ་ཤུལ་མོལ་མདོར་བྱས་ཡོད་ཅིང་། གྲོས་མོལ་བྱས་ནས་ད་བར་ཟླ་བ་༤ ཙམ་ལས་ཕྱིན་མེད་པ་རེད་འདུག
འདས་པའི་ལོ་ངོ་༣ ་གྱི་རིང་རྒྱ་དཀར་ནག་གཉིས་ཀྱི་བར་གྲོས་མོལ་བྱས་ཏེ་ལ་དྭགས་ཤར་ཕྱོགས་སུ་འཁྲུག་རྩོད་འབྱུང་ཡུལ་ས་གནས་ཁག་༦ ་ཡོད་པའི་ནང་ནས་ས་གནས་ཁག་༥ ་ནས་ཕྱོགས་གཉིས་ཀྱི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མོལ་བྱས་ཏེ་གྲུབ་འབྲས་ཐོན་ཡོད་ཀྱང་ད་དུང་འཁྲུག་རྩོད་འབྱུང་སའི་ས་གནས་ཁག་ཅིག་ལྷག་ཡོད་འདུག
འདས་པའི་ལོ་མང་རིང་རྒྱ་གཞུང་གིས་རྒྱ་ལམ་དང་ཟམ་པ། ཕུག་ལམ་དང་གནམ་ཐང་། དམག་སྒར་དང་གྲོང་ཚོ་གསར་པ་སོགས་འཛུགས་སྐྲུན་བྱས་ནས་རྒྱ་གར་ལ་གནོན་ཤུགས་དང་སུན་གཙེར་བཟོས་ཡོད་པར་བརྟེན། རྒྱ་གར་གྱིས་ཀྱང་ཧིན་སྒོར་ཐེར་འབུམ་མང་པོ་བཏང་ནས་ས་མཚམས་ཀྱི་རྒྱ་ལམ་དང་རྨང་གཞིའི་འཛུགས་སྐྲུན་སོགས་བྱེད་འཆར་ཡོད་འདུག ད་ལྟའི་ཆར་འཕགས་བོད་ས་མཚམས་ཀྱི་དཀའ་རྙོག་ནི་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཀྱི་བཀག་རྡོ་ལྟ་བུ་གྱུར་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།