རྒྱ་དཀར་ནག་གཉིས་བར་བཟང་ཕྱོགས་ཀྱི་འབྲེལ་བ་ཞིག་མེད་ཅེས་བརྗོད་འདུག

རྒྱ་དཀར་ནག་གཉིས་ཀྱིས་ཧིན་བོད་ས་མཚམས་ཀྱི་མངའ་ཁུལ་བདག་དབང་བརྩད་ནས་ཕྱི་འབྲེལ་ལ་དཀའ་ངལ་ཞིག་ཡོད་པར་བརྟེན། ཉེ་ཆར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་ད་ཆར་རྒྱ་དཀར་ནག་གཉིས་བར་བཟང་ཕྱོགས་ཀྱི་འབྲེལ་ལམ་ཞིག་མེད་ཅེས་བརྗོད་འདུག

ཕྱི་ཚེས་༤ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་ར་ལའི་ནང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་ད་ལྟ་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དང་པ་ཀི་སི་ཐན་གཉིས་མ་གཏོགས་གཞན་ཁྱིམ་མཚེས་རྒྱལ་ཁབ་དག་དང་ལྷན་དུ་རྒྱ་གར་ངོས་ནས་འབྲེལ་བ་ཡག་པོ་ཡོད། འོན་ཀྱང་། རྒྱ་ནག་དང་ལྷན་དུ་བཟང་ཕྱོགས་ཀྱི་འབྲེལ་བ་ཞིག་མེད་པ་དང་། རྒྱ་གར་དང་རྒྱ་ནག་བར་འགྲན་རྩོད་རང་བཞིན་དང་། གདོང་ཐུག་རང་བཞིན་གྱི་འབྲེལ་བ་ཡོད་ཅེས་བརྗོད་འདུག ཡིན་ན་ཡང་ད་ཆར་རྒྱ་གར་ནི་ནུས་སྟོབས་ལྡན་པའི་རྒྱལ་ཁབ་གཅིག་གྱུར་ཡོད་པར་བརྟེན། རང་གི་མངོན་འདོད་ཆེད་དུ་རང་སྲུང་བྱེད་ཀྱི་རེད་ཅེས་བརྗོད་འདུག རྒྱ་ནག་དང་པ་ཀི་སི་ཐན་གཉིས་ལས་ཁྱིམ་མཚེས་རྒྱལ་ཁབ་གཞན་དག་དང་ལྷན་དུ་འབྲེལ་ལམ་ཡག་པོ་ཡོད་པ་དེ། རྒྱལ་ཁབ་དེ་གཉིས་ཀྱི་མི་མང་ཁྲོད་དྲིས་ན་ཤེས་ཀྱི་རེད། རྒྱུ་མཚན་ནི་བྷང་ལ་དྷེ་ཤེ་དང་ཤྲི་ལངྒ་གཉིས་དཔལ་འབྱོར་གྱི་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་རྒྱ་གར་གྱིས་རོགས་རམ་རྒྱ་ཆེར་བྱས་ཡོད་ཅེས་དང་། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཚོའི་ནང་གཞན་གྱི་བཙན་སྐུལ་ཁྲོད་ནས་རྙོག་གླེང་བཟོ་ཐབས་བྱེད་མཁན་ཡོད་སྲིད་པ་རེད་ལ། རྒྱ་གར་ནང་རྙོག་གླེང་དེ་དག་གི་ཁྲོད་ལ་མཉམ་ཞུགས་བྱེད་འདོད་མཁན་ཡོད་སྲིད་ཀྱང་། རྒྱ་ནག་དང་པ་ཀི་སི་ཐན་གཉིས་ལས་གཞན་རྒྱལ་ཁབ་ཚོ་དང་ལྷན་དུ་འབྲེལ་བ་ཡག་པོ་ཡོད་ཅེས་བརྗོད་འདུག རྒྱ་གར་གྱི་ཕྱོགས་འགལ་ཚོགས་པས་ད་ལྟའི་གཞུང་འཛིན་བྷི་ཇི་པེ་སྲིད་དོན་ཚོགས་པས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་འབྲེལ་ལམ་ཇེ་སྡུག་ཏུ་བཏང་སོང་ཞེས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་འདུག རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ་མལ་ཌེབ་སི་གཉིས་བར་གྱི་འབྲེལ་ལམ་ལ་དཀར་ངལ་ཞིག་འཕྲད་ཀྱི་ཡོད་འདུག་ལ།  རྒྱུ་མཚན་ནི་མལ་ཌེབ་སི་རྒྱལ་ཁབ་ཀྱི་སྲིད་འཛིན་ཁ་ཆེ་བ་(Mohamed Muizzu)་ཟེར་བ་ཞིག་སླེབས་ནས་མལ་ཌེབ་སི་རྒྱལ་ཁབ་དང་རྒྱ་གར་གཉིས་བར་གྱི་ལོ་རྒྱུས་རང་བཞིན་གྱི་འབྲེལ་ལམ་ལ་དོ་ཕོག་བཏང་ནས་རྒྱ་ནག་དང་ལྷན་དུ་ཐག་ཉེ་རུ་གཏོང་བཞིན་ཡོད་འདུག ཉེ་ཆར་མལ་ཌེབ་སི་རྒྱལ་ཁབ་ནང་རྒྱ་གར་བ་ཕྱིར་ཐོན་དགོས་ཞེས་པའི་འབོད་ཚིག་བསྒྲགས་ནས་མལ་ཌེབ་སི་རྒྱལ་ཁབ་ནང་རྒྱ་གར་གྱི་དམག་མི་༧༠ ཙམ་ཞིག་ཡོད་པ་རྣམས་ཕྱིར་ཐོན་བཅུག་ཡོད་འདུག དུས་དེ་ནས་བཟུང་མལ་ཌེབ་སི་རྒྱལ་ཁབ་དང་རྒྱ་གར་བར་འབྲེལ་ལམ་སྡུག་ཏུ་འགྲོ་འགོ་བཙུགས་འདུག་པ་དང་།  དུས་རྒྱུན་མལ་ཌེབ་སི་རྒྱལ་ཁབ་ནང་འཐུང་ཆུའི་དཀའ་ངལ་འཕྲད་དུས་རྒྱ་གར་གྱིས་རོགས་རམ་བྱེད་ཀྱི་ཡོད་འདུག་ཀྱང་། ད་ཆར་འཐུང་ཆུ་རྒྱ་ནག་ནས་ལེན་གྱི་ཡོད་འདུག་པ་མ་ཟད། རྒྱ་ནག་གིས་བོད་ནས་འཐུང་ཆུ་མལ་ཌེབ་སི་རྒྱལ་ཁབ་ནང་དབོར་འདྲེན་བྱེད་ཀྱི་ཡོད་པ་རྒྱ་གར་གྱི་གསར་ཁང་ཁག་ནས་བརྗོད་ཡོད་འདུག དེ་བཞིན་བྷང་ལ་དྷེ་ཤེ་ནང་རྒྱ་གར་ཕྱི་ཐོན་དགོས་པའི་དགོས་འདུན་བསྟོན་མཁན་བྱུང་ཡོད་ཀྱང་། བྷང་ལ་དྷེ་ཤེའི་སྲིད་བློན་(Sheikh Hasina)ཟེར་བའི་བུད་མེད་དེ་རྒྱ་གར་དང་འབྲེལ་བ་ཆེན་པོ་ཡོད་པའི་སྲིད་བློན་ཞིག་ཡིན་པར་བརྟེན། བྷང་ལ་དྷེ་ཤེ་དང་རྒྱ་གར་བར་འབྲེལ་ལམ་ཡག་པོ་ཡོད་འདུག རྒྱ་ནག་དང་རྒྱ་གར་གཉིས་བར་ཕྱི་ལོ་༢༠༢༠ ནང་གྷལ་ཝན་ལུང་གཤོངས་ནང་ཕྱོགས་གཉིས་ཀྱི་དམག་མིའི་བར་གདོང་ཐུག་ཤོར་ནས་དམག་མི་ཤི་རྨས་ཚབས་ཆེན་བྱུང་བའི་རྐྱེན་གྱིས་དུས་དེ་ནས་བཟུང་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་འདུག དེ་རྗེས་ཕྱོགས་གཉིས་བར་གྲོས་མོལ་ཐེངས་མང་བྱས་ཡོད་འདུག་ཀྱང་དོན་ཕན་བྱུང་ཡོད་མིན་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།