རྒྱ་ནག་གཞུང་གི་བྱ་སྤྱོད་ལ་རྒྱ་གར་གྱིས་དགག་བྱ་བྱས་འདུག
ཉེ་ཆར་རྒྱ་ནག་གཞུང་གིས་རྒྱ་གར་ནང་དུ་ཆགས་པའི་ཨ་རུ་ན་ཅལ་མངའ་སྡེའི་ས་གནས་བཅུ་གཅིག་ལ་མིང་གསར་པ་བཏགས་ནས། ཁུལ་དེ་དག་ནི་བོད་ལྷོ་ཕྱོགས་ཀྱི་ཁུལ་ཡིན་སྐོར་བརྗོད་སྐབས། རྒྱ་གར་གཞུང་གིས་རྒྱ་ནག་གི་བྱ་སྤྱོད་དེར་དགག་བྱ་བྱས་འདུག
དེ་ཡང་རྒྱ་ནག་གཞུང་གིས་མིང་གསར་པ་བཏགས་པའི་ཨ་རུ་ན་ཅལ་མངའ་སྡེའི་ས་གནས་བཅུ་གཅིག་དེ་དག་ལ་བོད་སྐད་ཐོག སྤང་ཆེན་དང། རྒྱང་འཁར་རྫོང་། ལོ་གཟུགས་རི། གཏེ་པོ་རི། རྟ་གདོང་། ཆེན་པོ་རི་ཆུ། མདུང་རྩེལ། དགེ་སྡེའུ་ཆུ། མགོ་ཡུལ་ཐང་། ཉི་མ་སྒང་། ལྕུག་སྨྱུག་རྩེ་གངས་རི་བཅས་བྲིས་འདུག
རྒྱ་ནག་གཞུང་གི་བྱ་སྤྱོད་དང་འབྲེལ་ནས། ཟླ་༤ པའི་ཚེས་༤ ཉིན་རྒྱ་གར་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་སྐུ་ཞབས་བྷག་ཆི་ཡིས་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དང་། དེའི་ནང་དུ་རྒྱ་ནག་གི་བྱ་སྤྱོད་དེ་ནི་ཐེངས་དང་པོ་མིན་པ་དང་། བྱ་སྤྱོད་དེ་རིགས་ལ་རྒྱ་གར་གྱིས་ངོས་ལེན་མེད་ཁར་དགག་བྱ་ཆེན་པོ་བྱེད་ཀྱི་ཡོད་པ། ཨ་རུ་ན་ཅལ་མངའ་སྡེ་ནི་སྔ་མོ་ནས་ད་བར་རྒྱ་གར་གྱི་མངའ་ཁོངས་ཡིན་པ་དང་། མ་འོངས་པར་ཡང་མུ་མཐུད་གནས་རྒྱུ་ཡིན་པས། མིང་གསར་པ་བཏགས་པ་ཙམ་གྱིས་དངོས་ཡོད་གནས་སྟངས་དེར་འགྱུར་བ་འགྲོ་རྒྱུ་མིན་སྐོར་བརྗོད་འདུག

གནད་དོན་དེ་དང་འབྲེལ་ནས་ཨ་རིའི་གཞུང་གི་གསར་འགོད་མགྲིན་ཚབ་པས་བརྗོད་དོན་ལ། བྱ་སྤྱོད་དེ་ནི་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ས་ཁུལ་ལ་བདག་དབང་རྩོད་ཐབས་བྱེད་པ་ཞིག་ཡིན་པ་དང་། ཨ་རིས་ས་ཁུལ་དེ་ནི་རྒྱ་གར་གྱི་མངའ་ཁོངས་ཡིན་པ་རྒྱུན་རིང་ནས་ངོས་འཛིན་བྱེད་བཞིན་ཡོད་པས། ཕྱོགས་གཅིག་ནས་ས་ཁུལ་ཁག་གི་མིང་གསར་པ་བཏགས་ནས་བདག་དབང་རྩོད་ཐབས་བྱེད་པར་དགག་བྱ་ཆེན་པོ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
དེ་སྔོན་ཕྱི་ལོ་༢༠༢༡ ལོའི་ཟླ་༡༢ པའི་ཚེས་༣༠ ཉིན་རྒྱ་ནག་གིས་རྒྱ་གར་གྱི་མངའ་ཁོངས་སུ་ཡོད་པའི་ཨ་རུ་ན་ཅལ་མངའ་སྡེའི་ས་ཆ་༡༥ ལ་མིང་གཏན་འབེབས་ཀྱིས་གསལ་བསྒྲགས་བྱས་ཡོད་པ་རེད་འདུག དེ་བཞིན་ཕྱི་ལོ་༢༠༡༧ ལོའི་ཟླ་༤ པའི་ནང་ཡང་ས་ཆ་ཁག་༦ ལ་མིང་གསར་བཟོ་བྱས་པའི་གནད་དོན་ཡང་བྱུང་ཡོད་པ་རེད་འདུག

རྒྱ་གར་དང་རྒྱ་ནག་གཉིས་བར་ཨ་རུ་ན་ཅལ་མངའ་སྡེའི་བདག་དབང་ཐོག་རྩོད་པ་བྱེད་ཀྱི་ཡོད་པས། རྒྱ་གར་གྱིས་ཨ་རུ་ན་ཅལ་ས་ཁོངས་སུ་ཡོད་པའི་བོད་རིགས་དང་འབྲེལ་བ་བྱེད་ཐུབ་པ་ཆགས་ནས། རྒྱ་ནག་གི་དྲིལ་བསྒྲགས་དང་རྒྱ་སྐྱེད་ལས་དོན་ལ་ཁ་གཏད་གཅོག་ཐུབ་ཆེད་དུ། དམག་གི་སྒྲིག་འཛུགས་ནས་ཨ་རུ་ན་ཅལ་མངའ་སྡེ་རུ་ཡོད་པའི་ཧི་མ་ལ་ཡའི་རིག་གཞུང་སློབ་གཉེར་ཁང་དང་། འབྲས་ལྗོངས་སུ་ཡོད་པའི་རྣམ་རྒྱལ་བོད་རིག་པའི་ལྟེ་གནས་ཁང་གཉིས་མཉམ་དུ་གན་རྒྱ་བཞག་ནས། དམག་མི་རྣམས་ལ་བོད་ཡིག་སློབ་ཁྲིད་བྱེད་འགོ་བཙུགས་ཡོད་ཁར། ཕྱི་ལོ་༢༠༢༡ ལོའི་ཟླ་༣ པའི་ནང་དམག་མི་༡༥ ལ་སྔོན་འགྲོའི་སློབ་ཁྲིད་ཀྱི་ལས་རིམ་ཞིག་མཇུག་བསྒྲིལ་ཟིན་ཡོད་པ་དང་། ལོ་དེའི་ཟླ་༡༡ པའི་ནང་དང་བླངས་དམག་མི་༢༠ ལ་སློབ་ཁྲིད་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག ཟླ་བ་དྲུག་རིང་གི་འཛིན་གྲྭ་དེ་ནི་དམག་གི་སྒྲིག་འཛུགས་ཀྱིས་ཞིབ་འཇུག་དང་ཁས་ལེན་བྱས་པ་ཞིག་ཡིན་པ་དང་། དེའི་ནང་དུ་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། ལྟ་གྲུབ། ཆབ་སྲིད། མི་འབོར་། མངའ་ཁོངས་ཆབ་སྲིད་སོགས་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། དེའི་དམིགས་ཡུལ་ནི་ཐོག་མར་ས་མཚམས་ཁུལ་གྱི་དམག་དཔུང་རེ་ནས་དམག་མི་མཐོ་བ་(Officer) རེར་སློབ་ཁྲིད་བྱེད་རྒྱུ། ཕྱིས་སུ་རིམ་པས་དམག་མིའི་གོ་གནས་ཆུང་བ་དང་འབྲིང་བ་རྣམས་ལ་ཡང་སློབ་ཁྲིད་བྱེད་འཆར་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
