རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱིས་ལས་འགུལ་སྤེལ་སོང་།
ཟླ་འདིའི་ཚེས་༡ ཉིན་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་༧༣ འཁོར་བའི་ཉིན་མོ་ཡིན་པ་དང་། རྒྱ་ནག་གིས་རྒྱལ་སྟོན་དུས་ཆེན་ཞེས་ས་གནས་གང་སར་དུས་ཆེན་སྲུང་བརྩི་བྱེད་བཞིན་པའི་སྐབས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ལ་ལག་བསྟར་བྱས་དང་བྱེད་བཞིན་པའི་ཐལ་ཆ་ཆེ་བའི་སྲིད་བྱུས་ངན་པ་ལ་ངོ་རྒོལ་གྱིས་ལས་འགུལ་ཞིག་སྤེལ་སོང་།
སྐབས་དེའི་ལས་འགུལ་དང་འབྲེལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་དང་འབྲེལ་བ་བྱས་པས་ཁོང་གིས་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོ་ཡི་རིགས་རྫས་(DNA) བཙན་དབང་གིས་མཁོ་སྒྲུབ་བྱས་ཏེ་གསང་བའི་ལྟ་སྲུང་གི་ལས་གཞི་ཞིག་སྤེལ་བཞིན་པ་མ་ཟད། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་འོག་བོད་མི་ཚོ་ལ་དམ་དྲག་དང་བཙན་བཀག རྡུང་རྡེག་གཏོང་བ་སོགས་བོད་ནང་ཡོད་པའི་བོད་མི་ཚོ་འ་ཆད་འུ་ཐུག་ནས་ཐ་ན་རང་ཤི་རྒྱག་དགོས་པའི་གནས་སུ་གྱུར་ཡོད་པས་རྒྱ་ནག་གཞུང་གི་སྲིད་བྱུས་ངན་པ་དེ་དག་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་དག་ནི་ཐེངས་འདིའི་ལས་འགུལ་སྤེལ་བའི་དགོས་འདུན་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
སྐབས་དེའི་ངོ་རྒོལ་ལས་འགུལ་གྱི་ནང་དུ་རོ་ཧི་ནི་དང་པོན་ཊ། དྷ་ལ་ཧོ་སི་དང་དྷ་ས་སོགས་ནས་ཕེབས་པའི་མི་གྲངས་ཁྱོན་བསྡོམས་༧༣ མཉམ་ཞུགས་བྱས་ཡོད་པ་དང་། ལས་འགུལ་སྤེལ་བཞིན་པའི་སྐབས་སུ་རྒྱ་གར་གྱི་ས་གནས་ཉེན་རྟོག་པ་ཡོང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་རྣམས་བཟུང་ནས་དགོང་མོ་ཕྱག་ཚོད་༧ པའི་བར་མན་དྷེ་མ་ཁེ་(Mandir Marg) ཞེས་པའི་བཀག་ཉར་ཁང་དུ་བཀག་ཉར་བྱས་ཡོད་འདུག་པ་དང་། ཕྱི་དྲོའི་ཆུ་ཚོད་༧ པ་ཙམ་ལ་གློད་གྲོལ་བཏང་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།
