རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་གསུང་བཤད་བཀག་འགོག་ཡོང་ཐབས་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་གྱི་ལྷན་ཚོགས་གལ་ཆེན་ཞིག་གི་ཐོག་ཏུ། ༧གོང་ས་མཆོག་དང་ཐའེ་ཝན་གྱི་ཚན་རིག་པ་གཉིས་གནད་འདྲེན་ཞུས་ཡོད་པ་དེ་ཕྱིར་འཐེན་དགོས་པའི་གནོན་ཤུགས་སྤྲད་ཡོད་འདུག་ཀྱང་། ནོ་སྦེལ་ལྷན་ཚོགས་གནོན་ཤུགས་འོག་ཏུ་མ་སོང་བར་ཁས་ལེན་བྱས་མེད་འདུག
དེ་ཡང་ཟླ་༧ པའི་ཚེས་༢༨ ཉིན་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་༡༠༠ ལས་མང་བས་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དང་། དེའི་ནང་དུ་འཁོད་དོན་ལྟར་ན། འདི་ལོའི་ཟླ་༤ པའི་ཚེས་༢༦ ནས་༢༨ བར་དུ་ནོ་སྦེལ་ཐེབས་རྩ་དང་ཨ་རིའི་རྒྱལ་ཡོངས་ཚན་རིག་བསྟི་གནས་ཁང་གཉིས་མཉམ་འབྲེལ་ཐོག དྲ་ཐོག་ནས་ནོ་སྦེལ་ལྷན་ཚོགས་ང་ཚོའི་འཛམ་གླིང་། ང་ཚོའི་མ་འོངས་ཞེས་པ་ཞིག་གོ་སྒྲིག་བྱས་འདུག་པ་དང་། དེ་དང་འབྲེལ་ནས་ཟླ་༣ པའི་ཟླ་མཇུག་དང་དེ་བཞིན་བསྐྱར་དུ་ཟླ་༤ པའི་འགོ་སྟོད་དུ། ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ནས་ཨ་རིའི་རྒྱལ་ཡོངས་ཚན་རིག་བསྟི་གནས་ཁང་གི་མཐོ་རིམ་ལས་བྱེད་ལ་ཁ་པར་བཏང་ནས། ལྷན་ཚོགས་ཐོག་གསུང་བཤད་གནང་མཁན་༧གོང་ས་མཆོག་དང་ཐའེ་ཝན་གྱི་རྫས་འགྱུར་ཚན་རིག་པ་ཡཱོན་ཊི་ལཱི་གཉིས་གདན་དྲངས་ཡོད་པ་དེ་ཕྱིར་འཐེན་དགོས་པའི་ནན་སྐུལ་བྱས་ཡོད་འདུག དུས་སྐབས་དེ་གཉིས་ཀ་ལ་གཞུང་ཚབ་ཁང་དུ་དེ་ལྟར་བྱེད་རྒྱུ་མིན་པའི་ལན་འདེབས་སྤྲད་ཡོད་འདུག་ཀྱང་། ཚེས་༢༥ ཉིན་བསྐྱར་དུ་ཨ་རིའི་རྒྱལ་ཡོངས་ཚན་རིག་བསྟི་གནས་ཁང་དུ་རྒྱ་ནག་གི་གཞུང་ཚབ་ཁང་ནས་གློག་འཕྲིན་བཏང་ནས་༧གོང་ས་མཆོག་དང་ཐའེ་ཝན་གྱི་རྫས་འགྱུར་ཚན་རིག་པ་ཡཱོན་ཊི་ལཱི་གཉིས་གདན་དྲངས་ཡོད་པ་དེ་ཕྱིར་འཐེན་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། སྐབས་དེར་ཡང་རྒྱ་ནག་གི་དགོས་འདུན་ལ་དང་ལེན་བྱས་མི་འདུག
ཚེས་༢༦ ཉིན་ལྷན་ཚོགས་ཀྱི་བརྙན་རྒྱང་སྲིང་བྱེད་པར་འགོག་རྐྱེན་བྱུང་ཡོད་འདུག་པ་དང་། དེ་བཞིན་ཚེས་༢༧ ཉིན་དྲ་ཐོག་སྡིངས་ཆར་འགོག་རྐྱེན་བྱུང་འདུག་པས། གནད་དོན་དེ་གཉིས་ཀ་དྲ་ཐོག་འཇབ་རྒོལ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཁར། འཇབ་རྒོལ་དེ་གཉིས་རྒྱ་ནག་གཞུང་ཚབ་ཁང་གི་དགོས་འདུན་དང་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར། རྒྱ་ནག་གཞུང་གིས་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་ཁོང་གཉིས་དང་དེ་མིན་སུ་ཡང་གསུང་བཤད་གནང་རྒྱུར་བཀག་འགོག་ཆེད་དུ། ཚན་རིག་པའི་ཚོགས་སྡེར་ཞིབ་བཤེར་དང་ཐུབ་ཚོད་གཏོང་ཐབས་བྱས་པར་ངོས་ལེན་གནང་ཐབས་མེད་སྐོར་བརྗོད་འདུག
ཨ་རིའི་གཞུང་ཚབ་ཁང་གིས་གནད་དོན་འདི་དང་འབྲེལ་ནས་ལན་འདེབས་གང་ཡང་བྱས་མེད་ཀྱང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་སྟེང་དུ། ཨ་རིས་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་༡༠༠ བསྐོངས་ནས་རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་པ་གཉིས་ཟླ་༤ པའི་ལྷན་ཚོགས་ལ་གཏམ་བཤད་གནང་བར་བཀག་འགོག་བྱེད་ཐབས་བྱས་པར་སྐྱོན་བརྗོད་བྱས་ཡོད་པས། རྒྱལ་སྤྱིའི་ཚན་རིག་ཚོགས་སྡེར་ངན་ལབ་བརྒྱབ་ཡོད་པ། དེ་བཞིན་ཁ་བྲལ་རིང་ལུགས་པ་དེ་གཉིས་ཀྱི་གཏམ་བཤད་བཀག་འགོག་གི་རེ་སྐུལ་དེ་ནི་ཁྲིམས་ལུགས་དང་མཐུན་པ་ཡིན་སྐོར་བརྗོད་འདུག
ཨ་རིའི་ཕྱི་སྲིད་ལས་ཁང་གིས་གནད་དོན་དེ་ནི་རྒྱ་ནག་གི་ཕྱི་ལོགས་སུ་ཡོད་པའི་མི་མང་དང་བསྟི་གནས་ཁང་ཚོའི་བསམ་ཚུལ་དང་རིན་ཐང་གི་ལྟ་བ་རྣམས། རྒྱ་ནག་དམར་ཤོག་གཞུང་གི་ཆབ་སྲིད་ལྟ་བ་དང་མི་མཐུན་གྱི་མེད་མཁན་ཚོའི་སྨྲ་བརྗོད་རང་དབང་འགོག་ཐབས་དང་ཐུབ་ཚོད་གཏོང་གི་ཡོད་པའི་དཔེ་མཚོན་གཞན་ཞིག་ཡིན་པ། ཕྱི་སྲིད་ལས་ཁང་ནས་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱལ་ཡོངས་ཚན་རིག་བསྟི་གནས་ཁང་གི་མཐོ་རིམ་ལས་བྱེད་གཅིག་ལ་སུན་གཙེར་བཟོས་པའི་སྐོར་ཤེས་ཀྱི་ཡོད་ཁར། དེར་དགག་པ་བྱེད་ཀྱི་ཡོད་པ་དང་གཞུང་ཚབ་ཁང་ལ་འོས་འཚམས་མིན་པའི་བྱ་སྤྱོད་དེ་དང་འབྲེལ་ནས་ཉེན་བརྡ་བཏང་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
