རྒྱ་ནག་གཞུང་གིས་གསར་འགོད་པ་ཞིག་ལ་ལོ་ ༡༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད། 

 

སྔོན་ཆད་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ནང་ལས་ཀ་བྱེེད་མྱོང་བའི་རྒྱ་ནག་གིས་གསར་འགོད་པ་ཞིག་དམར་ཤོག་ཚོགས་པ་དང་གཞུང་ལ་དམའ་འབེབས་བཏང་བ་དང་། ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག 

ཟླ་ ༥ ཚེས་ ༡ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བདུན་འདིའི་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་གསར་འགོད་པ་ཆན-ཇེ་རན་(Chen Jieren)ལ་ལོ་ ༡༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ཅིང་། ཁྲིམས་ཁང་གིས་ཁོ་ལ་དཀྲོག་གཏམ་སྤེལ་ནས་རྒྱ་ནག་དམར་ཤོག་ཚོགས་པ་དང་གཞུང་ལ་དམའ་འབེབས་བྱས་པ་དང་། ལྐོག་ཟ་རུལ་སུངས་སོགས་ཀྱི་ཉེས་པ་གཡོགས་ཡོད་འདུག 

ཆན-ཇེ་རན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་ལམ་ལུགས་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པ་དང་། ཁོང་གིས་དེ་སྔོན་སྐད་འཕྲིན་དང་སྒེར་གྱི་ཟིན་བྲིས་སོགས་བརྒྱུད་ནས་རྒྱ་ནག་གཞུང་དང་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོར་སྐྱོན་བརྗོད་དང་། དམར་ཤོག་ཚོགས་པའི་ཆབ་སྲིད་ལངས་ཕྱོགས་དང་མི་མཐུན་པའི་རྩོམ་དང་ཟིན་བྲིས་སོགས་སྤེལ་ཡོད་བར་བརྟེན། ཕྱི་ལོ་  ༢༠༡༨ ལོའི་ལོ་དཀྱིལ་ཙམ་ལ་འཛིན་བཟུང་བྱས་ཏེ། ད་བར་འདྲི་རྩད་དང་བཀག་སྐྱིལ་འོག་བཞག་ཡོད་འདུག

ཁོང་དེ་ལྟར་ཁྲིམས་ཐག་བཅད་པའི་རྗེས་སུ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལྟ་ཞིབ་ཚོགས་པས་ཁོང་ལ་རྒྱ་ནག་གཞུང་གིས་གཡོགས་པའི་ཉེས་པ་མེད་གང་ཡང་མེད་སྟབས། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་གྲོལ་གཏོང་དགོས་པའི་རེ་བ་བྱེད་ཀྱིན་ཡོད་ཚུལ་བཤད་ཡོད་འདུག

རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་(Reporters Without Border )ཀྱི་སྙན་ཐོ་ལྟར་ན། རྒྱ་ནག་སླར་ཡང་འཛམ་གླིང་སྟེང་གི་གསར་འགོད་རང་དབང་སྐྱོ་ཤོས་དང་། གསར་འགོད་པ་འཛིན་བཟུང་བཙོན་འཇུག་བྱེད་མཁན་ཆེ་ཤོས་དེ་ཆགས་ཡོད་འདུག་པ་མ་ཟད། ལྷག་པར་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ཐོག་ལ་རྒྱ་ནག་གཞུང་གིས་གསར་འགོད་པའི་ལས་དོན་ལ་སྟངས་འཛིན་ཆེན་པོ་དང་། དོགས་གཞི་ཅན་གྱི་མཐོ་རིམ་འགོ་འཁྲིད་ཚོར་ཞིབ་བཤེར། ནད་ཡམས་སྐོར་གྱི་སྙན་ཐོ་གང་བྱུང་འདོན་མི་ཆོག་པ་སོགས་ཀྱི་དམ་དྲགས་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག། 

གསར་འགོད་པ་དཀོན་མཆོག་རབ་བརྟན།