རྒྱ་ནག་གཞུང་གིས་དིང་རི་རྫོང་ནས་ཡིན་པའི་དགེ་འདུན་པ་བཞི་ལ་ལོ་ ༥ ནས་ ༢༠ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཨ་རིའི་གྲོང་ཁྱེར་ཉིའོ་ཡོག་ཏུ་རྟེན་གཞི་བཅས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་སྲུང་ཁང་(Human Rights Watch)གི་སྙན་ཐོ་གསར་པའི་ནང་དུ། རྒྱ་ནག་གཞུང་གིས་གཞི་རྩེ་གྲོང་ཁྱེར་དིང་རི་རྫོང་གི་དགེ་འདུན་པ་བཞི་ལ་ལོ་ངོ་ ༥ ནས་ ༢༠ བར་གྱི་བཙོན་འཇུག་ཁྲིམས་ཐག་དྲག་པོ་བཅད་པ་མ་ཟད། གཞན་ཞིག་དཀའ་སྡུག་མ་བཟོས་པར་རང་ཤི་བརྒྱབ་པའི་གནས་ཚུལ་བཀོད་འདུག
ཕྱི་ཟླ་ ༧ ཨ་རིའི་ཚེས་ ༦ ཉིན་བཏོན་པའི་ཤོག་གྲངས་ ༦༡ ཅན་གྱི་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་བཀྲ་ཤིས་སྟེང་འགྲོ་དགོན་གྱི་དགེ་འདུན་པ་འགའ་ལ་ཚད་ལས་འདས་པའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་དུ་བཀོད་འདུག
སྙན་ཐོ་དེའི་ནང་དུ་གསལ་བ་ལྟར་ན། ཕྱི་ཟླ་ ༢༠༡༩ ལོའི་ཟླ་ ༩ པའི་ནང་དུ་དགེ་འདུན་པ་ཆོས་རྒྱལ་དབང་པོའི་བོར་བརླག་ཏུ་ཕྱིན་པའི་ཁ་པར་རྒྱལ་ས་ལྷ་སའི་ཉེན་རྟོག་པའི་ལག་ཏུ་སོན་རྗེས། ཉེན་རྟོག་པས་ཁ་པར་དེའི་ནང་དུ་དགེ་འདུན་པ་ཁོང་གིས་བལ་ཡུལ་དུ་བཞུགས་པའི་དགེ་འདུན་པ་རྣམས་ལ་གསུང་གླེང་གནང་བའི་གསུང་འཕྲིན་དང་། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་དུ་ས་ཡོམ་བརྒྱབ་རྗེས་ཞལ་འདེབས་ཕུལ་བའི་གནས་ཚུལ་ཡང་རྙེད་པར་བརྟེན། བཀྲ་ཤིས་སྟེང་འགྲོ་དགོན་ལ་དྲག་རྒོལ་བྱས་པའི་མཇུག་འབྲས་སུ། དགེ་འདུན་མང་པོ་འཛིན་བཟུང་དང་། གཅིག་དཀའ་སྡུག་མ་བཟོད་པར་རང་ཤི་བརྒྱབ་པ། བཞི་ལ་ཚད་ལས་འདས་པའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་བྱུང་ཡོད་འདུག
ཕྱི་ལོ་ ༢༠༢༠ ལོར་གསང་བའི་ཁྲིམས་བཤེར་འོག་ནས་ཁྲིམས་ཐག་བཅད་པའི་དགེ་འདུན་པ་བཞི་ནི། ཆོས་རྒྱལ་དབང་པོ་དང་། བློ་བཟང་སྤྱིན་པ། ནོར་བུ་དོན་འགྲུབ། ངག་དབང་ཡེ་ཤེས་བཅས་རེད་འདུག་པ་དང་། ཕྱི་རྒྱལ་ལ་སྐད་ཆ་སྐུར་བ་དང་། ཞལ་འདེབས་འབུལ་བ་དེ་རྒྱ་ནག་གི་ཁྲིམས་དང་འགལ་མེད་ན་ཡང་། ཁོང་རྣམ་པ་བཞི་ལ་ལོ་ ༢༠ དང་། ལོ་༡༩། ལོ་ ༡༧། ལོ་ ༥ བཅས་སོ་སོར་བཙོན་འཇུག་ཁྲིམས་བཅད་ཡོད་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་ཕྱི་ལ་འབྲེལ་བ་བྱེད་མཁན་རྣམས་ཁྲིམས་མེད་ལུགས་ཀྱིས་འཛིན་བཟུང་དང་། མི་སྤྱོད་ལས་འདས་པའི་མནར་གཅོད་དང་གདུག་རྩུབ་གཏོང་བ་ནི་ཆེས་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད་དེ། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་མདོ་ཁམས་འབྲི་རུ་ནས་ཡིན་པའི་སྐྱེས་པ་གཅིག་དང་། བུད་མེད་གཅིག་རྒྱ་གར་ལ་སྒོར་མོ་བཏང་བའི་ཉེས་མིང་འོག་ནས་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད། བུད་མེད་དེ་འདྲི་གཅོད་རྡུང་རྡེག་འོག་ནས་གྲོངས་པའི་གནས་ཚུལ་བྱུང་ཡོད།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་སྲུང་ཁང་གིས། བཙོན་འཇུག་བྱས་པའི་སྟེང་འགྲོ་དགོན་གྱི་དགེ་འདུན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་དང་། འབྲེལ་ཡོད་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཁབ་(UN)ཀྱིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་བྱེད་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།