རྒྱ་ནག་གཞུང་གིས་བོད་ནག་ཆུ་ཁུལ་དུ་བོད་པའི་བྱིས་པ་ཚོ་ལ་བསམ་བློ་བསྒྱུར་ཐབས་ཀྱི་ཚོད་ལྟའི་ལས་འཆར་ཞིག་སྤེལ་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱི་སློབ་གྲྭ་བདུན་ནང་། དམག་མི་རྒན་པ་ཉམས་མྱོང་ཅན་བཅུ་གསུམ་བཏང་སྟེ། ལོ་བཞི་ཅན་གྱི་བོད་པའི་བྱིས་པ་ཚོར་དམག་སྦྱོང་དང་ཆབ་སྲིད་ཀྱི་སློབ་གསོ་བརྒྱབ་ནས་བསམ་བློ་བསྒྱུར་རྒྱུའི་ཚོད་ལྟའི་ལས་འཆར་གསར་པ་ཞིག་མགོ་བཙུགས་ཡོད་འདུག དེ་ནི་རྒྱ་ནག་གཞུང་གིས་བོད་པའི་སློབ་གསོ་དམག་དོན་ཅན་དུ་སྒྱུར་བའི་ཐབས་ལམ་ཞིག་ཡིན་པ་བོད་གནས་ལྟ་ཞིབ་ཁང་གིས་བརྗོད་འདུག

པར། བོད་གནས་ལྟ་ཞིབ་ཁང་།

ཕྱི་ཚེས་༡༥ ཉིན་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་དོན་ལ། ལས་འཆར་དེའི་དམིགས་ཡུལ་གཙོ་བོ་ནི་བོད་པའི་ལོ་ཆུང་བྱིས་པ་ཚོའི་བསམ་བློ་བསྒྱུར་ཐབས་སུ་དམིགས་པ་ཡིན་ཞིང་། སློབ་གྲྭ་དེ་ཚོ་ནི་རྒྱ་གཞུང་གི་དོ་དམ་འོག་ཏུ་ཡོད་པའི་བཅའ་སྡོད་སློབ་གྲྭ་ཡིན་པ་མ་ཟད། ད་ལྟའི་བོད་ནང་ལྟ་རྟོག་ནན་མོ་དང་སྐད་ཡིག་བཀག་སྡོམ། རིག་གཞུང་བཙན་བསྒྱུར་བཅས་ཀྱིས་གནོན་ཤུགས་ཆེ་བའི་ས་ཁུལ་ཞིག་ཀྱང་ཡིན་འདུག
རྒྱ་ནག་གཞུང་འབྲེལ་གྱི་བརྙན་འཕྲིན་ཁང་ནས་བསྟན་དོན་ལ། བོད་པའི་བྱིས་པ་ཚོ་ཉིན་རྟག་པར་དམག་ཆས་གོན་ནས་དམག་སྒར་གྱི་སྦྱོང་བརྡར་ར་བར་སྐྱོད་པ་དང་། རྒྱལ་དར་དམར་པོ་བསྒྲེངས་དགོས་པ་མ་ཟད། ཕྱི་ཕྱོགས་ནས་གཏོར་རྒོལ་རིགས་བྱུང་ཚེ་འཛིན་གྲྭ་ནང་སློབ་མ་ཚོས་དེབ་མགོ་ལ་བཞག་སྟེ་ཅོག་ཙེའི་འོག་ཏུ་འཛུལ་དགོས་པ། མི་དམངས་སྲུང་སྐྱོབ་ཀྱི་སྦྱོང་བརྡར་སོགས་སྤྲོད་ཀྱི་ཡོད་འདུག སྔོན་འགྲོ་སློབ་གྲྭའི་བྱིས་པ་ཚོ་རྒྱ་ནག་གི་བཅིངས་གྲོལ་དམག་གི་གྲུབ་འབྲས་དང་ཞིས་ཅིན་ཕིང་དང་གུང་ཁྲན་ཏང་ལ་སྟོན་པའི་དམར་པོའི་གཏམ་རྒྱུད་ཟེར་བ་སོགས་ལ་ཉན་འཇུག་བཞིན་ཡོད་འདུག
ལས་འགུལ་གསར་པ་དེའི་ནང་བཅའ་སྡོད་སློབ་གྲྭ་ནང་སློབ་ཁྲིད་བྱེད་མཁན་དམག་དཔོན་(驻校教官)ཟེར་ཞིག་ཡིན་འདུག བོད་རང་སྐྱོང་ལྗོངས་ཟེར་བའི་ནག་ཆུ་གསེར་རྙེད་རྫོང་ས་ཁུལ་དུ། སྔར་བོད་མི་ཚོས་དཔའ་ངར་ཆེན་པོས་རྒྱ་ནག་ལ་ངོ་རྒོལ་བྱེད་མྱོང་བ་ཞིག་དང་དམིགས་བསལ་ཕྱི་ལོ་༢༠༡༣ ནང་རྒྱ་ནག་ལ་ངོ་རྒོལ་གདོང་ལེན་ཆེན་པོ་བྱས་ཡོད་པའི་ས་ཁུལ་གཅིག་ཡིན་འདུག ད་ལྟ་ས་ཁུལ་དེ་ནང་རྒྱ་ནག་གིས་དམག་དོན་གྱི་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག་ཅིང་། སྔོན་འགྲོ་སློབ་གྲྭ་དང་། ལོ་རིམ་དང་པོ། དེ་བཞིན་མཐོ་རིམ་སློབ་གྲྭ་བཅས་སུ་སློབ་ཁྲིད་བྱེད་ཀྱི་ཡོད་འདུག ལས་འཆར་འདི་ནི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པའི་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་གསར་པ་ཟེར་བའི་ཕྱི་ལོ་༢༠༢༤ ཟླ་༩ ཚུན་ནས་ལག་བསྟར་བྱས་པའི་གྲུབ་འབྲས་ཤིག་ཡིན་པ་བརྗོད་འདུག
རྒྱ་ནག་གཞུང་གི་བརྒྱུད་ལམ་ཁག་ནས་བསྟན་དོན་ལ། ཕྱི་ཟླ་༡༢ ནང་ནག་ཆུར་གནམ་གཤིས་ཀྱི་དྲོ་གྲང་ཀླད་ཀོར་འོག་ཏུ་གྲང་ཚད་༢༠ བར་མར་འབབ་བཞིན་པའི་སྐབས་སུ། དམག་མི་ཚོས་བྱིས་པ་ཚོ་གཉིད་ལས་བསླངས་ཏེ་གསེར་རྙེད་རྫོང་གི་འབྲིང་རིམ་སློབ་གྲྭ་ཨང་༢ ནང་རྒྱ་ནག་གི་དར་ཆ་བསྒྲེངས་འཛུགས་ཀྱི་མཛད་སྒོ་འཚོགས་ནས་དེ་ནི་སློབ་གྲྭའི་ནང་གི་མཛད་སྒོ་གཟབ་རྒྱས་ཆེ་ཤོས་ཤིག་ཡིན་ཞེས་ངོ་སྤྲོད་བྱེད་ཀྱི་ཡོད་འདུག ད་ལྟ་ཚོད་ལྟ་བྱེད་བཞིན་པའི་ལས་འགུལ་དེ་དང་འབྲེལ་ནས་རྒྱ་ནག་གཞུང་གིས་གློག་བརྙན་ཞིག་བཟོས་ཡོད་འདུག་ཅིང་། གློག་བརྙན་དེ་ནང་བོད་པའི་ཨ་མ་ཞིག་གིས་བཅའ་སྡོད་སློབ་གྲྭའི་ནང་ཡོད་པའི་དམག་མི་དགེ་རྒན་ཚོ་ལ་ཁོང་མོའི་ཕྲུ་གུ་ད་ཆར་སློབ་སྦྱོང་དང་ཀུན་སྤྱོད་སོགས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཚུལ་དང་། དམག་དཔོན་པདྨ་བཀྲ་ཤིས་ཀྱིས་དམག་མི་དགེ་རྒན་ཚོས་དམར་པོའི་སློབ་གསོར་ཤུགས་རྒྱག་པ་དེ་ལོ་ཆུང་བྱིས་པ་ཚོའི་བསམ་བློའི་ནང་ས་བོན་བཏབ་ནས་རྩ་བ་ཚུགས་བཞིན་ཡོད་པ་འགྲེལ་བརྗོད་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་དམག་མི་བསྡུ་རུག་དང་འབྲེལ་བའི་སྐོར་གསལ་བསྒྲགས་ཤིག་བཏང་ཡོད་འདུག་པ་དང་། གསལ་བསྒྲགས་དེ་ནང་བཅའ་སྡོད་སློབ་གྲྭ་ནང་ལས་འཆར་སྤེལ་བཞིན་པ་དེའི་དམིགས་ཡུལ་ནི་གཞོན་སྐྱེས་ཚོ་རྒྱ་ཞེན་ཅན་ཞིག་ཏུ་སྒྱུར་བ་དང་། སློབ་གསོ་བརྒྱབ་ནས་བསམ་བློ་བསྒྱུར་ཐབས་ཙམ་མ་ཡིན་པར། བོད་པའི་ན་གཞོན་ཚོར་དམག་མིའི་ཞབས་ཞུ་སྒྲུབ་རྒྱུར་གྲ་སྒྲིག་ཆེད་དུ་ཡིན་པ་བརྗོད་ཡོད་འདུག རྒྱུ་མཚན་ནི་རྒྱ་གར་དང་ཧ་ཅང་ཉེ་བའི་རི་རྒྱུད་ཀྱི་དམག་འཁྲུག་གི་ཆེད་དུ་བོད་མཐོ་སྒང་གི་འཚོ་བར་གོམས་པའི་བོད་མི་ཚོ་རྒྱ་ནག་གི་བཅིངས་གྲོལ་དམག་ལ་དགོས་མཁོ་ཆེ་བར་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་མི་རྒྱ་ནག་གི་དམག་ནང་བསྡུ་བའི་ཐབས་ཤེས་ཤུགས་ཆེ་རུ་བཏང་སྟེ་ཞབས་ཞུར་ཞུགས་འདོད་ཡོད་པ་ཚོར་ཐོབ་ཐང་ཆེ་བ་སྤྲོད་བཞིན་ཡོད་པ་བརྗོད་འདུག གཞོན་སྐྱེས་ལོ་ན་༡༨ ནས་༢༡ བར་གྱི་བོད་པའི་སློབ་མ་ཚོར་ལོ་གཉིས་ཀྱི་དམག་སྦྱོང་ལ་ཞུགས་ན་སློབ་ཡོན་སྤྲོད་རྒྱུ་ཁས་ལེན་བྱེད་ཀྱི་ཡོད་འདུག་ལ། རྒྱ་ནག་གཞུང་གིས་སློབ་ཡོན་རོགས་དངུལ་སྤྲོད་བཞིན་པའི་སློབ་མ་ཚོ་དམག་སྦྱོང་ནང་ཞུགས་དགོས་པའི་ཆ་རྐྱེན་བཏོན་གྱི་ཡོད་འདུག
འདི་ལོ་བོད་པའི་སློབ་མ་མང་པོ་ཞིག་ལ་རྒྱའི་དམག་སྒར་ནང་དམག་སྦྱོང་སྤྲད་ཡོད་པ་མངོན་གསལ་དོད་པོ་བཏོན་ཡོད་འདུག དཔེ་ན། ལྷ་སའི་འབྲིང་རིམ་སློབ་གྲྭ་དང་གཞན་སློབ་གྲྭ་ཁག་ཅིག་ནས་ན་གཞོན་༡༠༠ ལ་སྦྱོང་བརྡར་སྤྲད་པའི་སྐོར་གཞུང་འབྲེལ་བརྒྱུད་ལམ་ཁག་ནང་བཏོན་དོན་ལ། ཁ་བའི་མཐའ་མཚམས་སུ་རྨི་ལམ་སྐྲུན་ཞིང་། དམག་དོན་གྱི་བསམ་བློ་ན་གཞོན་གྱི་སེམས་སུ་བསྐྲུན་ཞེས་བརྗོད་པའི་འགོ་བརྗོད་བྲིས་ནས་ཁྱབ་བསྒྲགས་བྱས་ཡོད་འདུག ན་གཞོན་ཚོ་དམག་ཆས་གོན་ནས་མེ་མདའ་སྒྲིག་སྟངས་དང་། དར་དམར་འཁྱེར་ནས་སྐྱོད་སྟངས་སོགས་སྦྱོང་བཞིན་པ་བཏོན་ཡོད་འདུག་ལ། དེ་བཞིན་དམག་སྒར་གྱི་གྱང་ངོས་སུ་དམག་ལ་དུང་ཞིང་དམག་དོན་ལ་མཁས་པར་གྱུར་ཅིང། བོད་རིགས་སྤུན་ཟླ་ཚོས་དམག་དཔུང་ཨང་༡༨ བོད་དུ་ཕེབས་པ་དགའ་བསུ་ཞུ་སོགས་ཀྱི་འབོད་ཚིག་བཀྲམ་ཡོད་འདུག རྒྱ་ནག་བཅིངས་གྲོལ་དམག་གི་དམག་དཔུང་ཨང་༡༨ པ་དེ། ཕྱི་ལོ་༡༩༥༠ ལོར་ཆབ་མདོ་དབང་བསྒྱུར་བྱ་ཆེད་བོད་ལ་བཏང་ཡོད་འདུག་ཅིང་། དམག་འཐབ་དེ་རྒྱ་ནག་གཞུང་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་བརྩིས་ཀྱི་ཡོད་འདུག ཕྱི་ལོ་༡༩༥༠ ཟླ་བ་༡༠ ཚེས་༧ ཉིན་བོད་ཤར་ཕྱོགས་ཆབ་མདོ་རྒྱ་ནག་གི་བཅིངས་འགྲོལ་དམག་མི་ཟེར་བས་དབང་བསྒྱུར་རྗེས། རྒྱ་ནག་གིས་བོད་དབུས་ལ་དབང་བསྒྱུར་རྒྱུ་ལས་སླ་པོ་གྱུར་ཡོད་འདུག
བོད་ནང་རྒྱ་གཞུང་གིས་ཆེད་དུ་བཙུགས་པའི་བཅའ་སྡོད་སློབ་གྲྭའི་ནང་སྤེལ་བཞིན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤྲད་ནས་བོད་པའི་གཞོན་སྐྱེས་ཚོ་རྒྱ་རིགས་ལ་བསྒྱུར་ཐབས་བྱེད་བཞིན་པའི་སྐབས་དེར། རྒྱ་ནག་གི་སྐད་གཉིས་སློབ་གསོ་འོག་བོད་ཡིག་སློབ་གསོ་ཉམས་རྒུད་དུ་འགྲོ་བར་བློ་འཚབ་ཆེ་རུ་འགྲོ་བཞིན་ཡོད་འདུག་ཅིང་། རྒྱ་ནག་གིས་རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་སོགས་རྒྱལ་ཁབ་མང་པོའི་ས་མཚམས་ལ་དམ་དྲག་ཤུགས་ཆེ་རུ་གཏོང་བའི་སྐབས་དང་སྟབས་བསྟུན་ནས་བྱུང་བ་ཞིག་ཡིན་འདུག
ཕྱི་ལོ་༢༠༢༥ ཟླ་བ་༣ པའི་བོད་རྒྱ་གཉིས་ཀྱི་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་ལྟར་ན། ཚོད་ལྟའི་ལས་འཆར་དེ་ནི་༢༠༢༢ ལོར་རྒྱ་ནག་གི་ཤེས་རིག་ལྷན་ཁང་དང་། མིའི་ནུས་སྟོབས་གོང་སྤེལ་དང་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་ལྷན་ཁང་སོགས་ནས་མཉམ་འབྲེལ་ཐོག་ནས་སྤེལ་བའི་ལས་འཆར་ཞིག་ཡིན་འདུག དམིགས་ཡུལ་གཙོ་བོ་ཞིས་ཅིན་ཕིང་གི་སློབ་གསོ་དང་དམག་མི་རྒན་པ་རྣམས་ཀྱི་གཏམ་བཤད་རྣམས་གཞི་ལ་བཞག་ནས་ལོ་རིམ་དང་པོ་དང་འབྲིང་རིམ་སློབ་གྲྭའི་དགེ་རྒན་དཔུང་སྡེ་ཞིག་གསར་འཛུགས་བྱེད་ཆེད་དུ་ཡིན་པ་བརྗོད་ཡོད་འདུག
བོད་དོན་ལྟ་ཞིབ་ཁང་གིས་དེ་སྔོན་རྒྱ་གར་གྱི་ཨ་རུ་ཎ་ཅལ་མངའ་སྡེ་དང་ས་མཚམས་ཉེ་བའི་བོད་ནང་ཉིང་ཁྲི་དང་། དེ་བཞིན་ནག་ཆུ་བཅས་སུ་ན་གཞོན་ཚོར་དམག་སྒར་གྱི་སྦྱོང་བརྡར་སྤྲད་པའི་སྐོར་གནས་ཚུལ་སྤེལ་མྱོང་ཡོད་འདུག་པ་དང་། དམག་སྒར་དེ་ཚོའི་ནང་སློབ་མ་ཚོར་རྒྱལ་སྲུང་སློབ་གསོའི་ཤེས་བྱ་དང་དམག་དོན་རིག་པ། དེ་བཞིན་སློབ་གྲྭའི་སྒྲིག་ཁྲིམས་དང་སྒྲིག་གཞི་སྐོར་གྱི་གཏམ་བཤད་བྱས་ཡོད་འདུག
ཞིས་ཅིན་ཕིང་གིས་རྒྱ་ནག་གི་ས་མཚམས་དམག་དཔུང་ལ་རྒྱལ་ཁབ་ཀྱི་ས་མཚམས་སྲུང་སྐྱོབ་དང་དོ་དམ་གྱི་ནུས་པ་ཆེ་རུ་བཏང་ནས་ངར་ལྕགས་ཀྱི་གྱང་ཆེན་ཞིག་བསྐྲུན་དགོས་པའི་འབོད་སྐུལ་བྱས་ཡོད་འདུག ཞིས་ཅིན་ཕིང་གིས་རྒྱལ་ཁབ་སྐྱོང་དགོས་ན་ས་མཚམས་སྐྱོང་དགོས་པ་དང་། ས་མཚམས་སྐྱོང་དགོས་ན་ཐོག་མར་བོད་བརྟན་པོ་བཟོ་དགོས་ཞེས་པའི་འཐབ་ཇུས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས་ཞེས་བརྗོད་ཡོད་འདུག ཏང་གི་མགོ་ཁྲིད་རིམ་པའི་དམིགས་བསལ་འདོད་པར་བརྟེན་ནས་སྔོན་གྱི་མགོ་ཁྲིད་ཚོ་དང་མི་འདྲ་བར་ཞིས་ཅིན་ཕིང་གིས་ས་མཚམས་ས་ཁུལ་གྱི་དམག་དཔུང་ལ་ཐེངས་མང་པོ་ལྟ་སྐོར་ཡོང་མྱོང་ཡོད་འདུག་ལ། ཕྱི་ལོ་༢༠༢༡ ལོར་རྒྱ་གར་གྱི་ཨ་རུ་ཎ་ཅལ་མངའ་སྡེ་དང་ས་མཚམས་དམག་དོན་གྱི་གནས་སྟངས་གལ་ཆེན་དུ་བརྩི་བའི་ཉིང་ཁྲི་ལ་ལྟ་སྐོར་ཡང་ཡོང་ཡོད་འདུག ཉིང་ཁྲིའི་འཛིན་སྐྱོང་ལ་རྒྱ་སྐད་དུ་(Bayi)ཞེས་འབོད་པ་དང་། དོན་ནི་(བརྒྱད་གཅིག) ཅེས་འབོད་ཀྱི་ཡོད་འདུག དེ་ནི་ཕྱི་ལོ་༡༩༢༧ ལོའི་ཟླ་༨ ཚེས་༡ ཉིན་རྒྱ་དམག་གིས་བཙུགས་པའི་དུས་ཚིགས་ཡིན་འདུག
རྒྱ་ནག་གིས་ནུབ་རྒྱུད་དམག་དོན་ས་ཁུལ་ (Western Theatre Command (WTC)) ནི་རྒྱ་ནག་གི་དམག་དོན་ས་ཁུལ་ལྔའི་ནང་ནས་ཆེ་ཤོས་ཡིན་ཞིང་། རྒྱ་གར་དང་ཨབ་གྷ་ཎི་སི་ཐན་བར་གྱི་ས་མཚམས་དག་གི་གནད་དོན་ལ་ལྟ་རྟོག་བྱེད་ཀྱི་ཡོད་འདུག ཕྱི་ལོ་༢༠༢༠ ལོར་རྒྱ་དཀར་ནག་གཉིས་བར་གདོང་ཐུག་ཤོར་བ་ནས་བཟུང་། རྒྱ་ནག་གིས་དམག་དོན་ས་ཁུལ་ཁག་གི་ནང་ནས་ནུབ་རྒྱུད་དམག་དོན་ས་ཁུལ་གྱི་གོ་གནས་མཐོ་རུ་བཏང་སྟེ་གནམ་གྲུ་དང་མཚོན་ཆ་གསར་པ་ཐོབ་ཀྱི་ཡོད་པའི་ཤར་རྒྱུད་དམག་དོན་ས་ཁུལ་དང་འདྲ་མཉམ་དུ་བཞག་ཡོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས