རྒྱ་ནག་གཞུང་གིས་མགོན་པོ་སྐྱིད་བཟའ་ཚང་གཉིས་ཀ་འཛིན་བཟུང་བྱས་འདུག
ད་ལྟ་རྒྱའི་བཙོན་འོག་ཏུ་ཚུད་པའི་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་དང་མོའི་བཟའ་ཟླ་ཆོས་སྐྱོང་གཉིས་ཀྱིས་བོད་རང་སྐྱོང་ལྗོངས་མི་མང་ཁྲིམས་ཁང་ཞེས་པའི་མདུན་དུ་ལས་འགུལ་སྤེལ་བར་བརྟེན་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གཉིས་འཛིན་བཟུང་བྱས་ཡོད་འདུག

བཙན་བྱོལ་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༣ ཉིན་མགོན་པོ་སྐྱིད་དང་བཟའ་ཟླ་ཆོས་སྐྱོང་གཉིས་ཀྱིས་བོད་རང་སྐྱོང་ལྗོངས་མི་མང་ཁྲིམས་ཁང་ཟེར་བའི་མདུན་དུ་རྡོ་རྗེ་བཀྲ་ཤིས་ལ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་དུ་ཁྲིམས་ཞིབ་དགོས་པ་དང་། ཁོང་ལ་ཐུག་འཕྲད་དགོས་པ་སོགས་ཀྱི་འབོད་སྐུལ་ལས་འགུལ་སྤེལ་བའི་སྐབས། རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་གཉིས་འཛིན་བཟུང་བྱས་ཡོད་འདུག
དེ་སྔོན་རྒྱ་གཞུང་གི་ཉེན་རྟོག་པས་མགོན་པོ་སྐྱིད་གཅིག་པུ་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ཀློད་བཀྲོལ་བཏང་ཡོད་ཀྱང་། ད་རེས་ཉེན་རྟོག་པས་ཁོང་དང་ལྷན་དུ་བཟའ་ཟླ་ཆོས་སྐྱོང་ཀྱང་འཛིན་བཟུང་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་ཁོང་གཉིས་གང་དུ་བཀག་ཉར་བྱས་ཡོད་མེད་དང་ག་དུས་ཀློད་བཀྲོལ་གཏོང་མིན་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག།

ལོ་འདིའི་ཕྱི་ཟླ་བརྒྱད་པའི་ནང་། མགོན་པོ་སྐྱིད་ལགས་ཀྱིས་རང་གི་གཅེན་པོ་ཐུག་འཕྲད་ཐུབ་པའི་ཕྱིར་དུ་གྲྭ་བཞི་བཙོན་ཁང་གི་སྒོ་ཁར། རྒྱ་གཞུང་གི་ཁྲིམས་ནང་གསལ་བ་བཞིན་རེ་བ་དང་འབོད་སྐུལ་ཞུས་ཏེ་ཁོང་མོའི་གཅུང་པོ་ཐུག་ཐབས་བྱས་འདུག་ཀྱང་། ཁོང་ཚོས་ཡ་མ་བྱས་པས་མགོན་པོ་སྐྱིད་ཐབས་ཟད་ཅིང་ཕྱག་འཚལ་ཏེ་ཞི་བའི་ལས་འགུལ་ཞིག་སྤེལ་འདུག་པ་དང་། སྐབས་དེར་གྲྭ་བཞི་བཙོན་ཁང་གི་ས་གནས་ཉེན་རྟོག་པས་ཁོང་མོར་ཕྱག་འཚལ་བ་ཁྲིམས་འགལ་ཡིན་ཚུལ་བཤད་དེ། ཁོང་མོ་མི་གཅིག་ལ་ཉེན་རྟོག་པ་མང་པོ་རུབ་སྟེ་གྲྭ་བཞི་བཙོན་ཁང་གི་སྒོ་ཁར་ཡར་འདྲུད་མར་འདྲུད་དང་རུབ་བརྡུང་བྱས་ཡོད་འདུག་པས། ཁོང་གི་དཔུང་པ་སོགས་སུ་སྨུག་ཐིག་བཟོས་པ་བརྙན་ལམ་ནས་མཐོང་རྒྱུ་ཡོད།
མགོན་པོ་སྐྱིད་ལགས་ནི་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་ཡིན་པ་དང་། ཁོང་༢༠༠༧ ལོར་རྒྱ་ནག་གཞུང་གིས་བཙོན་འཇུག་བཀག་ཉར་བྱས་པ་དང་། རྡོ་རྗེ་བཀྲ་ཤིས་ལ་མ་ཉེས་ཁ་གཡོགས་ཀྱིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་ནས་བཟུང་། ལོ་ངོ་བཅུ་ཙམ་གྱི་རིང་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་གཞིར་བཟུང་བདེན་དཔང་ཐོབ་རྒྱུའི་ཞུ་གཏུག་དང་། ཁོང་གློད་བཀྲོལ་ཡོང་བ་བཅས་ཀྱི་ལས་འགུལ་རིམ་པ་མང་པོ་ཞིག་སྤེལ་ཡོད་པ་དང་། རྒྱ་གཞུང་གིས་ཁོང་མོའི་འཚེ་མེད་ཞི་བའི་ངོ་རྒོལ་དེར། དབང་ཤེད་ཀྱིས་བཀག་འགོག་དང་དུས་བཀག་བཙོན་འཇུག ཉེན་རྟོག་པས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བའི་རྐྱེན་གྱིས། དེ་སྔོན་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་ཐོག་བསྐྱལ་ཡོད་པ་དང་། དེའི་རྗེས་སུ་བསྐྱར་དུ་རྒྱ་གཞུང་གི་ཉེན་རྟོག་པས་རུབ་བརྡུང་བྱས་ཏེ་གཟུགས་པོར་སྨུག་ཐིག་གིས་ཁེངས་པ་བཟོས་ཡོད་འདུག ལྷག་པར་དུ་ཉེ་བའི་ཟླ་བ་འགའ་ཤས་སྔོན་ཉེན་རྟོག་པས་ཁོང་མོ་བརྡུངས་ཏེ་འགྲོ་སྐྱོད་མི་ཐུབ་པ་བཟོས་ཡོད་པ་དང་། ད་ཐེངས་སླར་ཡང་། རྒྱ་གཞུང་གིས་མགོན་པོ་སྐྱིད་བཟའ་ཚང་གཉིས་ཀ་འཛིན་བཟུང་བྱས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
