རྒྱ་ནག་གཞུང་གིས་འབྲི་རུ་རྫོང་གི་སྐྱེས་པ་ཞིག་ལ་ལོ་༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
རྒྱ་ནག་གཞུང་གིས་༢༠༡༣ ལོར་འབྲི་རུ་རྫོང་གི་མི་ཞིག་ལ་“རྒྱ་གར་དུ་འགྲོ་མཁན་ཚོར་རོགས་བྱས་པའི་”ཉེས་མིང་འོག་ནས་ལོ་༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་ན་ཡང་། རྫོང་དེར་དམ་དྲག་ཆེ་བར་བརྟེན་ནས་གནས་ཚུལ་དེ་ལོ་བདུན་ཙམ་གྱི་རྗེས་སུ་གཞི་ནས་ཤེས་རྟོགས་ཐུབ་པ་བྱུང་འདུག
མིང་བརྗོད་འདོད་མེད་པའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་ཁང་དུ་སྤྲད་པའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༣ ཟླ་བ་༧ ཡས་མས་སུ་འབྲི་རུ་རྫོང་ཙྭ་ལ་ཡུལ་ཚོ་མེ་རི་གྲོང་ཚོ་ནས་ཡིན་ཞིང་། ལོ་ན་༣༤ ཙམ་(ཏག་ཏག་ཅིག་མི་ཤེས་ཟེར།)ལ་སོན་པའི་སྐྱེས་པ་རྣམ་དག་ཞུ་བ་ཞིག་འཛིན་བཟུང་བྱས་པ་མ་ཟད། ཁོང་ལ་“རྒྱ་གར་དུ་འགྲོ་མཁན་ཚོར་རོགས་བྱས་པའི་”ཉེས་མིང་འོག་ནས་ལོ་༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ཆུ་ཤུར་བཙོན་ཁང་དུ་བཅུག་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། སྐབས་དེ་དུས་རྒྱ་ནག་གཞུང་གིས་འབྲི་རུ་རྫོང་གི་མི་དྲུག་བདུན་ཞིག་ཀྱང་རྣམ་དག་དང་མཉམ་དུ་བཙོན་འཇུག་བྱས་པ་དང་། ཁོང་ཚོ་ཚང་མར་ལོ་ངོ་༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག འོན་ཀྱང་། དེ་དག་གི་བཙོན་འཇུག་གི་ལོ་ཚད་ཙམ་ལས་མིང་དང་ལོ་ཚད། དེ་བཞིན་ཉེས་མིང་གང་གི་ཐོག་ནས་ཁྲིམས་ཐག་བཅད་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མི་འདུག
གནས་ཚུལ་མཁོ་སྤྲོད་པས་འདི་གའི་གསར་ཁང་དུ་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་རྣམ་དག་ལ་རྒྱུ་ལྷག་གི་ན་ཚ་ཞིག་བྱུང་ཡོད་པའི་རྐྱེན་གྱིས་ཁོང་ལ་ཐུག་འཕྲད་བྱེད་དུ་འཇུག་གི་མིན་ཞེས་བཤད་དེ། འདས་པའི་ལོ་ངོ་གཉིས་ཙམ་གྱི་རིང་ལ་ཁོང་གི་ནང་མི་དང་ཉེ་འབྲེལ་ཚོར་ཁོང་ལ་ཐུག་འཕྲད་གང་ཡང་བྱེད་དུ་བཅུག་མི་འདུག་པས། ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ཀྱིས་གཙོས་པའི་ཞིབ་ཕྲའི་གནས་ཚུལ་གང་ཡིན་ཤེས་རྟོགས་ཐུབ་ཐབས་བྲལ་ཡོད་འདུག
གཞན་ཡང་། ཕྱི་ལོ་༢༠༡༣ ཙམ་ལ་རྒྱ་གར་དུ་ཕྱིན་ནས་ཕྱིར་ཕ་ཡུལ་དུ་ལོག་པའི་ཙྭ་ལ་ཡུལ་ཚོའི་ཡུལ་མི་སུམ་ཅུ་ཡས་མས་ཤིག་ལོ་ངོ་གཉིས་ཙམ་རིང་ལྷ་སར་བཙོན་འཇུག་བྱས་པ་དང་། བཙོན་ཁང་དུ་ཁོང་ཚོས་རྡུང་རྡེག་དང་ནད་གཞི་འདྲ་མིན་གྱི་དཀའ་སྡུག་འདྲ་མིན་སྣ་ཚོགས་མྱངས་པའི་ཐོག བཙོན་གྲོལ་ཐོབ་པའི་རྗེས་སུའང་ལོ་གསུམ་གྱི་རིང་ལ་དབྱར་རྩྭ་དགུན་འབུ་རྐོ་བའི་ཐོབ་ཐང་བཙན་འཕྲོག་བྱས་པ་དང་། རྫོང་སྲིད་གཞུང་ནས་ཁོ་ཚོ་བསམ་བློའི་སློབ་གསོར་འགྲོ་དགོས་པའི་བཙན་བཀའ་བཏང་སྟེ་དབྱར་རྩྭ་དགུན་འབུ་རྐོ་བའི་རིང་ལ་རྒྱ་གཞུང་གི་རྡོ་སྔོག་པ་དང་། ལམ་བཟོ་བ་སོགས་བྱེད་དུ་བཅུག་ཡོད་པ་མ་ཟད། ཁོ་ཚོར་ད་ལྟའི་ཆ་ལའང་ཡུལ་ཚོ་དང་རྫོང་ནས་དགོངས་པ་མ་ཞུས་ཚེ་ས་གནས་གཞན་ལ་འགྲོ་སྐྱོད་མི་ཆོག་པ་ཆགས་ཡོད་འདུག
དེ་བཞིན་ས་གནས་སྲིད་གཞུང་ནས་ནང་མི་གང་རུང་རྒྱ་གར་དུ་ཡོད་པའི་ཁྱིམ་ཚང་རྣམས་དུས་ནས་དུས་སུ་ཡུལ་ཚོའི་ཐོག་འབོད་འགུགས་བྱེད་ཀྱི་ཡོད་པ་དང་། གལ་ཏེ་རྒྱ་གར་ལ་འབྲེལ་བ་བྱས་པ་དང་། སྒོར་མོ་བཏང་བ་སོགས་བྱས་ཚེ་དབྱར་རྩ་དགུན་འབུ་རྐོ་བའི་ཐོབ་ཐང་འཕྲོག་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་ཀྱི་ཡོད་འདུག
ཕྱི་ལོ་༢༠༢༠ ལོའི་ཕྱི་ཟླ་༦ པར་རྒྱ་ནག་གཞུང་གིས་འབྲི་རུ་རྫོང་ཆགས་རྩེ་ཡུལ་ཚོ་ནས་ཡིན་པའི་བསྟན་འཛིན་ཐར་པ་དང་། ཁོང་གི་ཞང་པོའི་བུ་མོ་ལྷ་མོ་གཉིས་རྒྱ་གར་དུ་སྒོར་མོ་བཏང་བའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་རྗེས། ལྷ་མོ་བཀག་ཉར་གྱི་འདྲི་གཅོད་དང་རྒྱག་རྡུང་གི་མནར་གཅོད་འོག་ནས་གྲོངས་ཡོད།
སྤྱི་ཡོངས་ནས་བཤད་ན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱི་ཤར་ཕྱོགས་རྫོང་ཁག་གསུམ་སྟེ། འབྲི་རུ་རྫོང་དང་། སོག་རྫོང་། སྦྲ་ཆེན་རྫོང་བཅས་ལ་དམིགས་བསལ་གྱི་དམ་དྲག་ཤུགས་ཆེན་བྱས་ཏེ་ཕྱི་ནང་གི་གནས་ཚུལ་ཡར་མར་ཤིན་ཏུ་འཕྲོད་དཀའ་བར་བརྟེན། རང་ལོ་༢༦ ལ་སོན་པའི་ཤུར་མོས་༢༠༡༥ ལོར་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་དེ་ལོ་ལྔའི་རྗེསཏེ། ༢༠༢༡ ལོར་གཞི་ནས་ཕྱི་ལོགས་སུ་ཁྱབ་ཐུབ་པ་བྱུང་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།
Comments are closed.