རྒྱ་ནག་གཞུང་གིས་ཡུ་གུར་བའི་ཕྲུ་གུ་མང་པོ་ཞིག་གཏན་སློབ་ནང་ཉར་བཞིན་ཡོད་འདུག 

ཡུ་གུར་ནང་ཕ་མ་ཆབ་སྲིད་བཅོས་སྒྱུར་གྱི་བཀག་ཉར་ཁང་ཏུ་ཡོད་པའི་ཕྲུ་གུ་མང་པོ་ཞིག རྒྱ་ནག་གཞུང་གིས་བདེ་འཇགས་ཚད་མཐོའི་གཏན་སློབ་ནང་དུ་ཉར་བཞིན་ཡོད་པའི་ཞིབ་འཇུག་གནས་ཚུལ་ཐོན་འདུག་པ་དང་། ལས་འགུལ་དེ་ནི་ཡུ་གུར་བའི་ཕྲུ་གུ་རྣམས་རང་གི་རིག་གཞུང་དང་སྐད་ཡིག ཆོས། མི་རིགས་སོགས་ཀྱི་ངོ་བོ་མེད་པའི་ཐོག་ནས་བསྐྱེད་སྲིང་བྱེད་ཆེད་ཡིན་སྐོར་བརྗོད་བཞིན་འདུག

ཟླ་༧ པའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་ཡུ་གུར་མི་རིགས་བཀག་ཉར་སྐོར་གྱི་ཉམས་ཞིབ་པ་ཞིག་དང་བྷི་བྷི་གསར་ཁང་གཉིས་ཀྱིས། ཡུ་གུར་ས་གནས་སུ་ཕ་མ་བཀག་ཉར་ཁང་དུ་ཡོད་པའི་ཕྲུ་གུ་རྣམས་ཀྱི་གནས་སྟངས་ཐོག་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་བཏོན་འདུག དེ་ཡང་ཡུ་གུར་ས་གནས་ནས་ཕ་མ་རྒྱ་ནག་གཞུང་གི་ཆབ་སྲིད་བཅོས་སྒྱུར་གྱི་བཀག་ཉར་ཁང་ཁག་ཏུ་ཡོད་པའི་ཕྲུ་གུ་མང་པོ་ཞིག གཏན་སློབ་ནང་དུ་ཉར་གྱི་ཡོད་པ་དང་། ཕྲུ་གུ་དེ་དག་གི་སྤུན་མཆེད་རྣམས་ལ་ཁོ་ཚོ་གཅེས་སྐྱོང་བྱེད་བཅུག་གི་མེད་འདུག

དེ་ཡང་རྒྱ་ནག་གཞུང་གི་ཡིག་ཆ་ལ་གཞིར་བཟུང་ན་ཡུ་གུར་ས་ཁུལ་གྱི་གྲོང་སྡེ་ཞིག་ནང་ཕྲུ་གུ་༤༠༠ ལས་མང་བའི་ཕ་མ་གཉིས་ཀ་བཀག་ཉར་ཁང་དུ་ཡོད་འདུག་པ་དང་། མང་པོ་ཞིག་གི་ཕ་མ་གཅིག་བཀག་ཉར་ཁང་དུ་ཡོད་འདུག་པས། ཕྲུ་གུ་དེ་རིགས་དམིགས་བསལ་ལྟ་སྐྱོང་དགོས་པའི་སྡེ་ཚན་དུ་ངོས་འཛིན་གྱིས། གཏན་སློབ་དང་ཕྲུ་གུ་གཅེས་སྐྱོང་ཁང་ཁག་ཏུ་ཉར་གྱི་ཡོད་འདུག རྒྱ་ནག་གཞུང་གིས་ཡུ་གུར་ཁུལ་དུ་མི་རྒན་པ་བཀག་ཉར་བྱེད་ཡུལ་གྱི་ལྟེ་གནས་མང་པོ་ཞིག་འཛུགས་བསྐྲུན་བྱས་ཡོད་པ་དང་བསྟུན། བཀག་ཉར་འོག་ཡོད་པའི་ཕ་མ་དེ་དག་གི་ཕྲུ་གུ་རྣམས་ཉར་ཡུལ་གྱི་གཏན་སློབ་རྒྱ་ཆེ་དང་བདེ་འཇགས་ཚད་གཞི་མཐོན་པོ་ཡོད་པ་ཁག་ཅིག་གི་འཛུགས་བསྐྲུན་བྱས་དང་བྱེད་བཞིན་ཡོད་ཁར། ཡུ་གུར་མི་རིགས་མང་ཤོས་གནས་སྡོད་བྱེད་ཡུལ་གྱི་ལྷོ་ཁུལ་དུ། རྒྱ་ནག་གཞུང་གིས་སྔོན་འགྲོའི་སློབ་གྲྭ་གསར་འཛུགས་དང་ཡར་རྒྱས་གཏོང་ཆེད་དུ་ཨ་སྒོར་ཐེར་འབུམ་༡.༢ བཏང་ཡོད་འདུག དེ་ཡང་ཕ་མ་དང་སྤུན་མཆེད་སོགས་དང་ཁ་བྲལ་ནས། གཏན་སློབ་དེ་དག་ནང་བཅུག་ཡོད་པའི་ཕྲུ་གུའི་ཁྲོད་ནས་ལོ་ན་ཆུང་ཤོས་ཟླ་བ་༡༥ ཡིན་འདུག

ཡུ་གུར་སྲིད་གཞུང་གི་དྲིལ་བསྒྲགས་ལས་ཁུངས་ཀྱི་མཐོ་རིམ་ལས་བྱེད་གཅིག་གིས། བྷི་བྷི་སི་གསར་ཁང་ལ་ཕ་མ་གཉིས་ཀ་བཀག་ཉར་ཁང་དུ་ཡོད་མཁན་གྱི་ཁྱིམ་ཚང་གྲངས་འབོར་མང་པོ་མེད་པ་དང་། གལ་ཏེ་ཁྱིམ་ཚང་གཅིག་ནས་ཕ་མ་གཉིས་ཀ་བཀག་ཉར་ཁང་དུ་ཡོད་ཚེ། ཁྱིམ་ཚང་དེ་དཀའ་ངལ་ཆེན་པོ་ཡོད་མཁན་ཞིག་ཡིན་སྲིད་པ་དང་། ཁོས་ད་བར་གནས་ཚུལ་དེ་འདྲ་ཡོད་པ་ཤེས་ཀྱི་མེད་སྐོར་བརྗོད་འདུག དེ་བཞིན་ཡུ་གུར་ས་ཁུལ་གྱི་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་གཅིག་ལ། ཕ་མ་གཉིས་ཀ་བཀག་ཉར་ཁང་དུ་ཡོད་པའི་ཕྲུ་གུ་རྣམས་ཀྱི་གནས་སྟངས་སྐོར་དྲིས་སྐབས། ལན་དུ་ཕྲུ་གུ་དེ་རིགས་གཏན་སློབ་ཏུ་ཡོད་པ་དང་། དེ་གར་སྡོད་ཁང་དང་ཁ་ལག དུག་ལོག་སོགས་ཀྱི་མཐུན་རྐྱེན་སྤྲོད་ཀྱི་ཡོད་པ་དང་། གཞུང་གི་མཐོ་རིམ་ལས་བྱེད་ཚོས་ཕྲུ་གུ་དེ་ཚོར་ལྟ་སྐྱོང་ཡག་པོ་བྱེད་དགོས་པའི་བཀའ་བཏང་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་གཏན་སློབ་དེ་དག་གིས་ཕ་མའི་ཚབ་བྱས་ཏེ། སྤྱི་ཚོགས་ཀྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པས། ཉམས་ཞིབ་ཁྲོད་དུ་ཡུ་གུར་ས་ཁུལ་གྱི་སློབ་གྲྭ་ཁག་ཏུ་དགེ་རྒན་དང་སློབ་ཕྲུག་ཚོས་རྒྱ་སྐད་མ་གཏོགས་སྐད་གཞན་ཐོག་ནས་སྐད་ཆ་བཤད་ཚེ། ཉེས་ཆད་གཏོང་བའི་སྒྲིག་གཞི་བཟོས་ཡོད་པ་དང་། གཏན་སློབ་ཁག་ཏུ་ཡང་དེ་ལྟར་ལག་བསྟར་བྱེད་ཀྱི་འདུག་པས། ཉམས་ཞིབ་པས་རྒྱ་ནག་གཞུང་གི་ལས་འགུལ་དེའི་དམིགས་ཡུལ་ནི། ཡུ་གུར་གྱི་ཕྲུ་གུ་རྣམས་རང་གི་སྐད་དང་རིག་གཞུང་། ཆོས་ལུགས་གོམས་སྲོལ་སོགས་ཀྱི་རྩ་བ་མེད་པ་བཟོ་ཆེད་ཡིན་པ་གསལ་པོ་ཡིན་སྐོར་བརྗོད་འདུག

ལོ་སྔོན་མའི་ཟླ་༤ པའི་ནང་རྒྱ་ནག་གཞུང་གིས་ཕྲུ་གུ་༢༠༠༠ ཞིག་ཡུ་གུར་ས་གནས་ཀྱི་གྲོང་གསེབ་ཁག་ནས་གཏན་སློབ་ཞིག་ཏུ་གནས་སྤོས་བྱས་ཡོད་འདུག

རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༧ ལོའི་མགོ་སྟོད་ནས་ད་བར་ཡུ་གུར་མི་རིགས་གཙོས་པའི་ཁ་ཆེ་མི་རིགས་ས་ཡ་༢ ལྷག་བཀག་ཉར་བྱས་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་པ་དང་། བཀག་ཉར་ཁང་དེ་དག་ནང་དུ་སྡོད་མྱོང་མཁན་ཚོས་བཀག་ཉར་ཁང་དེ་དག་ནང་དུ་བཙོན་ཁང་གི་གནས་སྟངས་ལྟར་སྡོད་བཅུག་གི་ཡོད་ཁར། རྒྱ་ནག་གཞུང་གི་དྲིལ་བསྒྲགས་སློབ་ཚན་བསྐྱར་ནས་ཡང་དུ་སྦྱང་དགོས་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད། རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གི་ལས་འགུལ་དེར་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་ཀྱང་། ལས་འགུལ་དེ་ལ་བརྟེན་ནས་རྒྱ་ནག་ལ་དཔལ་འབྱོར་ཉེས་ཆད་སོགས་ཀྱི་གནོན་ཤུགས་སྤྲོད་མཁན་རྒྱལ་ཁབ་གཅིག་ཀྱང་བྱུང་མེད་ཁར། མཉམ་འབྲེལ་རྒྱལ་ཁབ་ནས་གནད་དོན་དེའི་ཐད་སྐྱོན་བརྗོད་དང་སྙན་ཐོ་ཙམ་ལས་གྲུབ་འབྲས་ཐོན་པའི་ལས་འགུལ་གང་ཡང་སྤེལ་མེད་པ་རེད།

རྒྱ་ནག་གཞུང་གིས་བཀག་ཉར་ཁང་དེ་དག་ནི་ལག་ཤེས་སྦྱོང་བརྡར་ཁང་ཡིན་ཁར། དེའི་ནང་ཁ་ཆེའི་ཆོས་ལུགས་ཀྱི་ལྟ་མཁྲེགས་རིང་ལུགས་མེད་པ་བཟོ་ཡི་ཡོད་སྐོར་དང་། བཀག་ཉར་གྱི་ལས་འགུལ་དེ་འགོ་བཙུགས་ནས་བཟུང་ཡུ་གུར་ས་ཁུལ་དུ་འཇིགས་སྐུལ་རིང་ལུགས་པའི་དྲག་རྒོལ་ཆེན་པོ་གང་ཡང་བྱུང་མེད་སྐོར་བསྒྲགས་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།