རྒྱ་ནག་གཞུང་གིས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཉེ་ཆར་རྒྱ་ནག་གཞུང་གིས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལ་མི་ལོ་བཅུའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་བྱུང་ཡོད་ནའང་། ཁྲིམས་ཆད་ག་དུས་བཅད་མིན་གྱི་དུས་ཚེས་དང་ཁྲིམས་ཆད་ཀྱི་རྒྱུ་རྐྱེན་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མི་འདུག

དེ་ཡང་རྩོམ་པ་པོ་གྲྭ་སྒོ་ཤེས་རབ་རྒྱ་མཚོ་༢༠༢༠ ལོའི་ཕྱི་ཟླ་༡༠ པའི་ཚེས་༢༦ ཉིན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་ལྷ་སའི་རྒྱ་ནག་གི་གསང་བའི་མི་སྣ་དང་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་པས་གློ་བུར་འཛིན་བཟུང་རྗེས། ད་བར་གང་དུ་ཁྲིད་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་མེད་པར་གར་ཡོད་ཆ་མེད་དུ་གྱུར་ཡོད་ནའང་། ཉེ་ཆར་ལྷ་སའི་རྒྱ་ནག་གི་འབྲེལ་ཡོད་ཚན་པས་གསང་བའི་སྒོ་ནས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལ་མི་ལོ་བཅུའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཕྱི་ལ་ཁྱབ་ཡོད་པ་རེད།

དེ་སྔོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གཞུང་ལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོས་མི་གང་བྱུང་བཀག་ཉར་དང་། གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་ཐད་ཞུ་གཏུག་འདྲི་རྩད་བྱས་པར། རྒྱ་ནག་གི་ཕྱོགས་ནས་ཕྱི་ཟླ་༨ པའི་ཚེས་༢༧ ཉིན་ལན་འདེབས་བྱེད་དགོས་བྱུང་བའི་ཡིག་ཆའི་ནང་། སྒོ་ཤེས་རབ་རྒྱ་མཚོའི་ཁྲིམས་ཞིབ་དེ་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནང་མུ་མཐུད་དུ་འགྲོ་བཞིན་ཡོད་པ་དང་། ཁོང་གསང་བའི་སྒོ་ནས་འཛིན་བཟུང་བཀག་ཉར་དང་། གང་བྱུང་བཀག་ཉར་བྱས་བ་མིན་ཚུལ་བརྗོད་ཡོད་པ་རེད།

སྒོ་ཤེས་རབ་ནི་རྩོམ་པ་པོ་གྲགས་ཅན་ཞིག་དང་། ཁོང་གིས་བོད་ཀྱི་ཆོས་ལུགས་རིག་གནས་དང་སྐད་ཡིག་སློབ་གསོའི་སྐོར་ལ་བློ་རྒྱ་ཆེན་པོའི་ངང་བསམ་བློ་གཏོང་མཁན་ཞིག་ཡིན་ལ། དེ་བཞིན་འགྲོ་བ་མི་ཡོངས་ལ་ཁྱབ་པའི་ཐོབ་ཐང་དོན་གཉེར་མཁན་ཞིག་ཀྱང་ཡིན་པ་རེད། ཁོང་ལ་དྲང་བདེན་མ་ཡིན་ཁྲིམས་ཐག་བཅད་ཡོད་པ་ལས་དག་སེལ་གྱི་ཁྲིམས་བཤེར་གང་ཡང་བྱེད་དབང་བྱུང་མེད་པའི་གནས་ཚུལ་འདུག

རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ནི་རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་༡༩༩༨ ལོ་དང་༢༠༠༨། ཕྱི་ལོ་༢༠༡༡ དང་༢༠༢༠ ལོ་བཅས་ཐེངས་བཞི་ལ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། ཐོག་མར་ཁོང་འཛིན་བཟུང་བྱེད་དགོས་དོན་ནི། སྤྱི་ལོ་༡༩༩༨ ལོར་རྒྱ་ནག་གཞུང་གིས་མདོ་སྨད་རྔ་བ་ཕྱོགས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་པའི་སྐབས། ཁོང་གིས་ཕར་ཕྱིན་དམ་བཅའ་བཞག་སྐབས་ཀིརྟི་དགོན་གྱི་འདུ་ཁང་གི་མདུན་ངོས་སུ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་པར་བཤམ་པར་བརྟེན། འཛིན་བཟུང་གིས་ལོ་གསུམ་གྱི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་མྱོང་ཡོད་པ་རེད།

དེའི་རྗེས་༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ལྷ་ས་ནས་འཛིན་བཟུང་བྱས་ནས་ལོ་གཅིག་ཙམ་རིང་བཀག་ཉར་བྱས་མྱོང་ཡོད་པ་དང་། རྗེས་སུ་ཐེངས་ཁ་ཤས་ཉེས་འཛུགས་སོགས་གསལ་ཁ་མེད་པར་འཛིན་བཟུང་བྱས་ཡོད་ཀྱང་། བོད་མི་ཚོས་གནད་དོན་དེ་ནི་སྒོ་ཤེས་རབ་རྒྱ་མཚོས་གཙོ་བོ་བོད་ཀྱི་ཤེས་ཡོན་སློབ་གསོ་དང་། ནང་བསྟན་ཆོས་ལུགས། བོད་ཀྱི་རིག་གནས་དང་འབྲེལ་བའི་ཕྱག་ལས་གནང་བའི་རྐྱེན་གྱིས་ཡིན་པར་དྭོགས་གཞི་བྱེད་བཞིན་ཡོད་པ་རེད།

གོང་གི་རྒྱ་ནག་གཞུང་གི་ལན་འདེབས་ཡིག་ཆ་དེའི་ནང་། སྒོ་ཤེས་རབ་རྒྱ་མཚོ་ལགས་ཕྱི་ལོ་༢༠༢༠ ལོའི་ཟླ་༡༠ ཚེས་༢༦ ཉིན་སྤྱི་ཚོགས་ཟིང་སློང་དང་ངན་སྐུལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་བ་དང་། ཕྱི་ལོ་༢༠༢༡ ལོའི་ཟླ་༢ ཚེས་༣ ཉིན་ནས་ལྷ་སའི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་ལ་ཁྲིམས་བཤེར་བྱེད་བཞིན་ཡོད་སྐོར་བསྒྲགས་ཡོད་པ་ལས། ཁྲིམས་ཆད་དུས་ཚེས་ཕྱིར་བསྒྲགས་བྱས་མེད་པ་རེད།

ད་ལྟ་དགུང་ལོ་༤༦ ཡིན་པའི་སྒོ་ཤེས་རབ་རྒྱ་མཚོ་ནི་དེ་སྔ་ཀིརྟི་དགོན་པའི་གྲྭ་པ་ཡིན་པ་དང་། ཁོང་གིས་ད་བར་རྒྱུན་ཤེས་དང་ལམ། བླང་དོར་ལྟ་ཚུལ། རང་ལམ་རང་འཚོལ། ང་ཚོ་སད་རན། དཔྱད་འཚོལ་དང་ལྟ་ཚུལ། སྐྱེས་ཆེན་གྱི་བཞུད་ལམ་སོགས་རྩོམ་དེབ་མང་པོ་ཞིག་བརྩམས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།