རྒྱ་ནག་གཞུང་གིས་ལྷོ་སོག་པོའི་ངོ་རྒོལ་བ་༢༣ འཛིན་བཟུང་།
རྒྱ་ནག་གཞུང་གིས་བདུན་ཕྲག་སྔོན་མར་ལྷོ་སོག་པོ་(ནང་སོག)རུ་སློབ་གྲྭའི་སློབ་དེབ་དང་སློབ་ཚན་རྣམས་རྒྱ་ཡིག་གིས་སློབ་ཁྲིད་བྱེད་པའི་སྲིད་བྱུས་གསར་པ་ཞིག་དངོས་སུ་ལག་བསྟར་བྱས་པར། སོག་པོའི་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱེད་འགོ་བརྩམས་ཡོད་པ་དང་། རྒྱ་ནག་གི་ཉེན་རྟོག་པས་ངོ་རྒོལ་ལ་དྲག་གནོན་བྱས་ཏེ་མ་མཐར་ཡང་མི་ ༢༣ འཛིན་བཟུང་བྱས་འདུག
རྒྱ་ནག་གིས་གྲངས་ཉུང་མི་རིགས་རྣམས་ཀྱི་སློབ་གྲྭའི་ནང་སློབ་ཚན་རྣམས་སོ་སོའི་སྐད་ཡིག་གི་ཚབ་ཏུ་རྒྱ་ཡིག་གིས་སློབ་ཁྲིད་བྱས་ཏེ་གྲངས་ཉུང་མི་རིགས་དེ་དག་རིམ་གྱིས་རྒྱ་རུ་སྒྱུར་བའི་སྲིད་བྱུས་གདུག་རྩུབ་ཅན་དེ་ཕྱི་ལོ་༢༠༡༧ ལོར་ཤར་ཏུར་ཁི་སི་ཐན་དང་བོད་དུ་ལག་བསྟར་བྱས་ཟིན་ཡོད།
ལྷོ་སོག་གི་མི་མང་གིས་འདས་པའི་ཉིན་ཤས་ནང་ངོ་རྒོལ་རྒྱུན་མི་ཆད་པར་བྱས་པར་བརྟེན། ཉེན་རྟོག་པས་དྲག་གནོན་བྱས་ཏེ་མ་མཐར་ཡང་མི་༢༣ འཇུས་པ་དང་། འཇུ་བཟུང་བྱེད་པའི་ཉེས་པ་ལ་ཁྲིམས་འགལ་ཐོག་ནས་“མཚན་རྟགས་བསྡུ་རུག་བྱས་པ་”དང་། “རྩོད་རྙོག་བསླངས་པ།” “སྐད་འཕྲིན་ཚོགས་པ་ཁག་ཏུ་བརྙན་ཐུང་བརྒྱུད་སྐུར་བྱས་ཏེ་རྒྱལ་ཡོངས་སློབ་དེབ་ཁྲིད་བྱུས་ལག་བསྟར་བྱེད་པར་བཀག་འགོག་བཏང་བ་”སོགས་ཀྱི་རྒྱུ་མཚན་སྣ་ཚོགས་དྲངས་ཡོད་འདུག
དེ་མིན་ད་དུང་། རྒྱ་ནག་གཞུང་གིས་འབྲེལ་ཡོད་ལས་བྱེད་རྣམས་ལ་སྐད་ཡིག་གི་སྲིད་བྱུས་གསར་པ་དེ་ལག་བསྟར་བྱེད་མ་ཐུབ་པའི་ཉེས་ཆད་གཅོད་པ་དང་། བྱིས་པ་སློབ་གྲྭར་མི་གཏོང་མཁན་གྱི་ཕ་མ་རྣམས་ལ་ལས་གནས་ནས་ཕྱིར་འཕུད་གཏོང་རྒྱུའི་འཇིགས་སྐུལ་སོགས་བྱས་ཏེ་བོད་དང་ཤར་ཏུར་ཁི་སི་ཐན་ནང་ལྟར། མི་མང་གི་མངོན་འདོད་དང་ཐོབ་ཐང་ཡོངས་སུ་རྩིས་མེད་རྡོག་རོལ་གྱིས་སྲིད་བྱུས་དེ་ལག་བསྟར་བྱེད་ཀྱི་ཡོད་འདུག
རྒྱ་ནག་གིས་གང་དུ་ངོ་རྒོལ་དང་དྲག་གནོན་ཡོད་སའི་ས་ཁུལ་དག་ཏུ་ཁ་པར་དང་དྲ་བའི་སྒོ་བརྒྱབ་ནས་གནས་ཚུལ་ཕྱི་ལ་མི་འཆོར་བྱེད་པ་ལྟར། དེང་སྐབས་ལྷོ་སོག་པའི་ནང་དུའང་དེ་ལྟར་བྱས་ཏེ་དེ་གའི་གནས་ཚུལ་རག་རྒྱུ་ཤིན་ཏུ་ཁག་པོར་གྱུར་ཡོད་འདུག་སྟེ། ཨ་རིར་རྟེན་གཞི་བྱས་པའི་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འགན་འཛིན་ཨིན་གྷ་བྷ་ཐོ་(Enghebatu Togochog) ཡིས་“འདི་དག་མ་བྱུང་བའི་སྔོན་དུ། སྐད་འཕྲིན་བརྒྱུད་དེ་ང་ཚོ་ལ་གནས་ཚུལ་གང་འཚམ་གསལ་པོ་རག་གི་ཡོད་རུང་། ད་ལྟ་འབྲེལ་ལམ་ཡོངས་སུ་ཆད་པ་ལྟ་བུ་རེད་”ཅེས་བརྗོད་འདུག
སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། ལྷོ་སོག་པོ་རུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་དང་མི་འདོད་པའི་རྣམ་འགྱུར་སྟོན་མཁན་ཉུང་བར་བརྩིས་ཏེ། རྒྱ་ནག་གིས་“ནང་སོག་”ནི་གྲངས་ཉུང་མི་རིགས་ཀྱི་མིག་དཔེ་ལྟ་སའམ་དཔེ་མཚོན་དུ་འཇོག་སྲོལ་ཡོད་འདུག་ན་ཡང་། བདུན་ཕྲག་གོང་མར་ལག་བསྟར་བྱེད་འགོ་བརྩམས་པའི་སྐད་ཡིག་གི་སྲིད་བྱུས་དེས་སོག་པོའི་མི་མང་ལ་ཁོང་ཁྲོ་ཆེན་པོ་བསླངས་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། ངོ་རྒོལ་དེ་དང་འབྲེལ་བའི་ཐད་ལ། སོག་པོའི་སྲིད་འཛིན་ཟུར་པ་ཨེལ་བྷ་རྡོ་རྗེ–ཚོ་ཁ་(Elbegdorj Tsakhia)ཡིས་“ཁྱོད་རང་སོག་པོ་ཞིག་ཡིན་ཕྱིན། ས་ཕྱོགས་གང་དུ་གནས་ཀྱང་ལས་འགུལ་འདིའི་ནང་ཞུགས་དགོས། སོག་པོའི་སྐད་ཡིག་མེད་པར་སོག་པོའི་རྒྱལ་ཁབ་ཟེར་བ་ཞིག་མེད་”ཅེས་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་སོག་པོའི་མི་མང་རྣམས་ལ་ལས་འགུལ་དེའི་ནང་ཞུགས་དགོས་པའི་སྐུལ་མ་བྱས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
