རྒྱ་ནག་གི་ཁྲིམས་གསར་པ་དང་དབུ་མའི་ལམ་གྱི་གནས་བབས་ལ་དོགས་སློང་།

ཕྱི་ལོ་༢༠༢༦༣ ཚེས་༢༣ ཉིན། སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་བདུན་པའི་ཐོག ཡིག་ཆ་ཨང་། ༡༦ བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་དང་།  ཡིག་ཆ་ཨང་། ༡༦ ཀ  རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བས་ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༢ ཉིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བའི་ཁྲིམས་ཡིག་གསར་པ་ཞིག་གཏན་འབེབས་བྱས་པར་གདོང་ལེན་གནང་ཕྱོགས་དང་འབྲེལ་བའི་འཛིན་སྐྱོང་བཀའ་ཤག་གི་གྲོས་ཆོད་གྲོས་འཆར་གཉིས་ཀ་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

པར། སྤྱི་འཐུས་ལྷན་ཚོགས།


གྲོས་འཆར་གཏན་འབེབས་ཀྱི་སྐབས་སུ། སྤྱི་འཐུས་ཁག་ཅིག་གིས་བོད་མི་ཚོས་ཚིག་སྐམ་པོའི་ཐོག་ནས་གདུང་སེམས་མཉམ་བསྐྱེད་ཞུ་བ་ཙམ་མིན་པར། ནང་ཁུལ་གྱི་ཆིག་སྒྲིལ་སྲ་བརྟན་གཏོང་རྒྱུ་ནི་གལ་འགངས་ཆེ་ཤོས་ཡིན་པ་ནན་བཤད་གནང་ཡོད། ལྷག་པར་དུ་གཞིས་ལུས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་བའི་ཐབས་ལམ་ཡག་ཤོས་ནི། བོད་ནང་རྒྱ་གཞུང་གིས་གཏོར་བཤིག་གཏོང་བཞིན་པའི་ཆོས་དང་རིག་གཞུང་རྣམས་བཙན་བྱོལ་ནང་སླར་གསོ་དང་ཉར་ཚགས་བྱེད་རྒྱུ་དེ་ཡིན་པའི་དགོངས་འཆར་བཏོན་སོང་།
ཡང་སྤྱི་འཐས་འགས། དགྲ་ལ་དགྲ་ཡི་འདུ་ཤེས་དང་གཉེན་ལ་གཉེན་གྱི་འདུ་ཤེས་འཛིན་དགོས་པ། བོད་མི་ས་ཡ་དྲུག་གི་མགོན་སྐྱབས་དཔུང་གཉེན་བླ་ན་མེད་པ་ནི་༧གོང་ས་མཆོག་ཡིན་པའི་བསམ་བློ་དེ་མ་འབོར་བའི་ཐོག་ལས་ཀ་བྱས་ན་རེ་བ་ཡོད་ཅེས་དང་། ད་ལྟའི་གནས་སྟངས་འོག་རྒྱ་ནག་གཞུང་དང་རྒྱ་མི་རིགས་གཉིས་ཀར་ཡིད་ཆེས་བྱེད་ས་རྩ་བ་ནས་མེད་པ་གསུངས་སོང་།
ལྷག་པར་དུ་འཛིན་སྐྱོང་བཀའ་ཤག་གི་གྲོས་ཆོད་གྲོས་འཆར་དགོངས་ཚུལ་གསུང་སྐབས། སྤྱི་འཐུས་ཤིག་གིས་ཚོར་ཤུགས་ཆེན་པོས། ཕྱི་ལོ་༡༩༨༤ ལོའི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་སུ་འང་མི་རིགས་ས་ཁོངས་རང་སྐྱོང་དང་། མི་རིགས་འདྲ་མཉམ་གྱི་རྩ་དོན་འགན་ལེན་ཡོད་མུས་ཡིན་ནའང་། ད་ཆ་ཁྲིམས་ཡིག་དེས་ཁས་ལེན་བྱས་པའི་རྩ་དོན་ཁག་ཡང་བསྐྱར་ཁྲིམས་ཐོག་ནས་རྩིས་མེད་གཏོང་རྒྱུར་མངོན་དུ་ཕྱོགས་ཡོད་ཅེས་དང་། ཁྲིམས་ཡིག་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་སུ་འགན་ལེན་བྱས་པའི་མི་རིགས་ཀྱི་ཐོབ་ཐང་རྣམས་ཕྱིར་བསྡུའམ། གལ་ཆུང་དུ་བཞག་སྟེ་ཞེས་སྔོན་གླེང་དུ་བཀོད་པ་དག་ལུང་འདྲེན་བྱས་ནས། བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་༢༠༠༨ ལོར་བཏོན་པའི་མིང་དོན་མཚུངས་པའི་རང་སྐྱོང་གི་ཡིག་ཆ་དེ་རྒྱ་ནག་གི་རྩ་ཁྲིམས་འོག་བཟོས་པ་ཞིག་ཡིན་པས། ད་ལྟ་རྒྱ་ནག་གིས་རང་སྐྱོང་གི་ཐོབ་ཐང་རྣམས་ཕྱིར་བསྡུ་བྱེད་བཞིན་པ་མངོན་གསུལ་ཡིན་དུས། ང་ཚོས་ད་དུང་ཡང་ཁྲིམས་ཡིག་དེའི་འོག་གི་ཐོབ་ཐང་དགོས་ཟེར་ན། ཧ་གོ་བཞིན་དུ་མིག་བཙུམ་ནས་བསྡད་པ་ཞིག་ཆགས་ཀྱི་ཡོད་པའི་དོགས་སློང་དང་། མི་རིགས་ཤིག་གི་ཁ་ཕྱོགས་དང་འཐབ་རྩོད་དེ་རྔ་ལ་དཔག་པའི་འཆམ་ལྟར་དགྲ་བོའི་བྱེད་བབ་ལ་བལྟས་ནས་སྒྱུར་དགོས་པ་གསུངས་སོང་།
 
ཡང་སྤྱི་འཐུས་གཞན་ཞིག་གིས་ཕྱོགས་གཅིག་ནས་རྒྱ་ནག་ལ་ཡིད་ཆེས་མེད་པ་དང་། ཁོ་ཚོས་འཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད་དང་དགོན་སྡེ་གཏོར་བཤིག་གཏོང་གི་འདུག་ཅེས་བཤད་ཀྱང་། ཕྱོགས་གཞན་དེ་ནས་ཡང་རྒྱ་ནག་གི་རྩ་ཁྲིམས་འོག་བསྡད་ཀྱི་ཡིན་ཟེར་དུས། རྒྱ་གར་གྱི་དཔོན་པོ་ཚོ་ཡང་ཧང་སང་འགྲོ་གི་འདུག་ཅེས་དང་། ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བསྡད་ཀྱི་ཡིན་ཞེས་དང་། མི་རིགས་ས་གནས་རང་སྐྱོང་གི་འོག་བསྡད་ཀྱི་ཡིན་ཞེས་ས་དྲག་གནམ་གྲགས་ཀྱིས་བཤད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་རྒྱ་ནག་གི་རང་སྐྱོང་གི་ཁྲིམས་དེའི་ནང་ག་རེ་འཁོད་ཡོད་པ་དང་། ད་ལྟའི་གནས་སྟངས་འདིའི་འོག་དབུ་མའི་ལམ་ཟེར་བ་འདི་ད་དུང་ཡང་ལབ་ཕོད་ས་རེད་དམ། ལབ་ནུས་ས་རེད་དམ། མི་རིགས་གྲངས་ཉུང་གི་སྐད་དང་ཡི་གེ་རྩ་མེད་གཏོང་རྒྱུ་དེ་ཁྲིམས་ཐོག་ཏུ་གསལ་པོ་བཀོད་ཡོང་གི་ཡོད་པས། ད་ནི་ང་ཚོ་བསམ་བློའི་ཁ་ཕྱོགས་མ་ནོར་བ་ཞིག་གི་ཐོག་ལ་འགྲོ་བའི་དུས་ལ་སླེབས་འདུག་ཅེས་གསུངས་སོང་།
དེ་བཞིན་སྤྱི་འཐུས་གཞན་ཞིག་གིས་ད་ལྟའི་ཆར་དབུ་མའི་ལམ་གྱི་རྩ་འཛིན་དེ་ཕྱི་ལོ་༢༠༠༨ ལོའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་དེའི་འགྲེལ་བརྗོད་ཡིག་ཆ་དེ་རེད་ཅེས་དང་། ཁོང་གིས་གྲོས་འཆར་ནང་། ས་གནས་རང་སྐྱོང་ས་ཁུལ་གྱི་ཁྲིམས་བཟོའི་དབང་ཚད་ཉམས་དམས་སུ་བཏང་བས། དབུས་གཞུང་གི་ཁྲིམས་ཡིག་ཁག་བབ་བསྟུན་བསྒྱུར་བཅོས་ཀྱི་དབང་ཆ་མེད་པར་བཟོས་པ་མ་ཟད། རང་སྐྱོང་ས་ཁུལ་དུ་དེ་སྔ་བཟོས་ཟིན་པའི་སྲོལ་ཡིག་ཁག་དང་། ཁེར་སྤྱོད་སྲོལ་ཡིག་ཁག་དོན་གྱིས་སྟོང་པ་བཟོས་ཡོད་ཅེས་པ་དེ་ལུང་དྲངས་ནས། དོན་གྱིས་སྟོང་པ་བཟོས་ཡོད་དུས་ང་ཚོའི་རྩ་འཛིན་ཡིག་ཆ་དེ་ལ་འགྱུར་བ་གཏོང་གི་རེད་དམ་མ་རེད། མ་འོངས་པར་དབུ་མའི་ལམ་འགྲེལ་བཤད་རྒྱག་དུས་ཡིག་ཆ་དེ་རང་ཁྱེར་ནས་འགྲེལ་བཤད་རྒྱག་དགོས་སམ་སོགས་ཀྱི་དོགས་འདྲི་གནང་སོང་།།

གསར་འགོད་པ། བློ་བཟང་རྒྱ་མཚོ།