རྒྱ་ནག་གི་གནམ་གྲུ་བརྡབ་སྐྱོན་བྱུང་བའི་ནང་ནས་གསོན་པོ་གཅིག་ཀྱང་རྙེད་མི་འདུག
ཟླ་༣ པའི་ཚེས་༢༡ ཉིན་རྒྱ་ནག་གི་གྲོང་ཁྱེར་ཀུན་མིང་ནས་གྷོན་ཛའོ་བར་འཕུར་མཁན་རྒྱ་ནག་ཤར་ཕྱོགས་གནམ་གྲུ་ཚོང་ལས་ཁང་གི་འགྲུལ་སྐྱེལ་གནམ་གྲུ་ཞིག་བརྡབ་སྐྱོན་བྱུང་ནས་མེ་འབར་ཡོད་པ་དང་། ཚེས་༢༤ བར་ཉེན་སྐྱོབ་རུ་ཁག དང་བླངས་མི་མང་སོགས་ནས་འཚོལ་ཞིབ་བྱེད་བཞིན་ཡོད་ཀྱང་མི་གསོན་པོ་གཅིག་ཀྱང་རྙེད་སོན་བྱུང་མེད་པས། མི་གྲངས་༡༣༢ ཚང་མའི་ཚེ་སྲོག་ཤོར་ཡོད་སྲིད་པ་རེད་འདུག
གནམ་གྲུ་བརྡབ་སྐྱོན་བྱུང་བའི་རྒྱུ་རྐྱེན་རྩད་གཅོད་བྱེད་མཁན་ཚོས་བརྗོད་དོན་ལ། གནམ་གྲུ་གཏོང་མཁན་ཚང་མར་ལས་ཀའི་ཉམས་མྱོང་ཆེན་པོ་ཡོད་ཁར་ཚང་མར་སེམས་ཀྱི་དཀའ་ངལ་མེད་པ། གནམ་གྲུ་དངོས་སུ་མ་འཕུར་བའི་སྔོན་ལ་འཕྲུལ་ལས་མ་ལག་ཚང་མར་བརྟག་དཔྱད་བྱས་ཏེ་སྐྱོན་གང་ཡང་ཐོན་མེད་པ། གནམ་གྲུ་དེའི་འགྲུལ་བཞུད་སྐབས་སུ་གནམ་གཤིས་ཡག་པོ་མེད་པའི་དཀའ་ངལ་ཡང་འཕྲད་མེད་སྐོར་བརྗོད་ནས། ད་ལྟའི་ཆར་རྩད་གཅོད་མུ་མཐུད་བྱེད་བཞིན་ཡོད་སྐོར་བརྗོད་འདུག
གནམ་གྲུ་དེའི་ནང་འགྲུལ་པ་༡༢༣ དང་གནམ་གྲུའི་ལས་བྱེད་༩ ཡོད་འདུག སྤྱིར་བཏང་རྒྱལ་སྤྱིའི་ནང་རྒྱ་ནག་གི་གནམ་ཐོག་འགྲུལ་བཞུད་ལས་དོན་དེར་གདེང་འཇོག་ཡག་པོ་ཡོད་པ་དང་། ཕྱི་ལོ་༢༠༡༠ ལོར་གནམ་གྲུ་ཞིག་བརྡབ་སྐྱོན་བྱུང་ནས་མི་གྲངས་༤༢ ཀྱི་ཚེ་སྲོག་ཤོར་བའི་གནད་དོན་རྗེས་ད་བར་བརྡབ་སྐྱོན་གྱི་གནད་དོན་ཆེན་པོ་ལྷག་མྱོང་མེད་པ་རེད། གནམ་གྲུའི་ཚོང་ལས་ཁང་དེས་བརྡབ་སྐྱོན་བྱུང་བའི་གནམ་གྲུ་དེའི་ཁྱད་ཆོས་མཚུངས་པའི་གནམ་གྲུ་གཞན་ཚང་མར་ད་ལྟའི་ཆར་གནམ་ཐོག་འགྲུལ་བཞུད་བྱེད་རྒྱུ་མེད་པ་བཟོས་འདུག དེ་དང་འབྲེལ་ནས་རྒྱ་གར་སོགས་རྒྱལ་ཁབ་མང་པོ་ཞིག་གིས་གནམ་གྲུ་དེའི་རིགས་ལ་བརྟག་དཔྱད་ནན་པོ་བྱེད་བཞིན་ཡོད་འདུག
བརྡབ་སྐྱོན་བྱུང་ཡུལ་གྱི་ས་གནས་དེར་འགྲུལ་བཞུད་བྱེད་རྒྱུ་གུ་དོག་པོ་ཡོད་ཁར། གནམ་གཤིས་ལ་བརྟེན་ནས་ཉེན་སྐྱོབ་ཀྱི་ལས་དོན་ལ་དཀའ་ངལ་འཕྲད་ཡོད་སྐོར་འདུག
གནམ་གྲུ་དེ་ཨ་རིའི་ཚོང་ལས་ཁང་(Boeing) ནས་བཟོ་སྐྲུན་བྱས་ཡོད་པས། རྒྱ་ནག་གི་རྟོག་ཞིབ་པ་ཚོས་ཨ་རིའི་གནམ་གྲུའི་ཆེད་ལས་པ་ཁག་ཅིག་སྐད་བཏང་ཡོད་པ་རེད།
བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཐོག་མར་གནམ་གྲུ་དེ་མཐོ་ཚད་ཧྥི་ཊ་༢༩༡༠༠ ལ་འཕུར་བཞིན་ཡོད་འདུག་ཀྱང་། གློ་བུར་དུ་སྐར་མ་༢ དང་སྐར་ཆ་༡༥ ཡི་རྗེས་སུ་མཐོ་ཚད་ཧྥི་ཊ་༩༠༧༥ ལ་མར་བབས་ཡོད་ཁར། རྗེས་སུ་མཐོ་ཚད་ཧྥི་ཊ་༣༢༢༥ མར་བབས་ཡོད་འདུག་པས། གློ་བུར་དུ་མཐོ་ཚད་ཆེན་པོ་མར་ཆགས་དགོས་པའི་རྒྱུ་མཚན་རྩད་གཅོད་བྱེད་བཞིན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།