རྒྱ་ནག་གི་གཞོན་སྐྱེས་ལས་འགུལ་བ་ཚོའི་ནོར་འཁྲུལ་ངོས་ལེན་གྱི་བརྙན་ཐུང་ཕྱིར་ཐོན་ཡོད་འདུག
རྒྱ་ནག་གཞུང་གིས་གཞུང་དང་ལྟ་བ་འགལ་ཟླ་འཛིན་མཁན་ཁྲིམས་རྩོད་པ་དང་ལས་འགུལ་བ་སོགས་འཛིན་བཟུང་བྱས་རྗེས། དེ་དག་ལ་བརྙན་ཐུང་ནང་བཙན་དབང་ཐོག་ནས་རང་གི་ནོར་འཁྲུལ་ངོས་ལེན་བྱེད་དུ་བཅུག་ནས། བརྙན་ཐུང་དེ་དག་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་ལྟར། ཐེངས་འདིར་གཞོན་སྐྱེས་ལས་འགུལ་བ་ཁག་ཅིག་གི་བརྙན་ཐུང་ཕྱིར་ཐོན་འདུག
ཟླ་༡ པོའི་ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལོ་སྔོན་མའི་ནང་རྒྱ་ནག་གི་ངལ་རྩོལ་བ་ཚོའི་ངོ་རྒོལ་ལ་རྒྱབ་སྐྱོར་བྱེད་མཁན་གཞོན་སྐྱེས་མང་པོ་ཞིག་གར་སོང་ཆ་མེད་ཆགས་ཡོད་པ་དང་། དེ་དག་ནི་རྒྱ་ནག་གི་སྐད་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཟུར་རམ་སློབ་མ་ཡིན་འདུག ཉེ་བའི་ཆར་གར་སོང་ཆ་མེད་སོང་བའི་གཞོན་སྐྱེས་བཞི་ཡིས། དེ་སྔོན་ངལ་རྩོལ་བ་ཚོར་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བ་དེ་ནི་ནོར་འཁྲུལ་ཡིན་པ་དང་།
ཁོང་ཚོར་དམར་ཤོག་གི་ལྟ་བ་མཁྲེགས་འཛིན་པ་ཚོས་ཤུགས་རྐྱེན་སྤྲད་ཡོད་ཀྱང་། ད་ལྟའི་ཆར་དེ་སྔོན་གྱི་ལས་དོན་རྣམས་ཁྲིམས་འགལ་ཡིན་པ་ངེས་ཤེས་རྙེད་ཡོད་ཁར། དེ་སྔོན་གྱི་བྱེད་ལས་ལ་བརྟེན་ནས་ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པར་འགྱོད་སེམས་ཡོད་སྐོར་བརྗོད་པའི་སྐར་མ་༣༠ ཅན་གྱི་བརྙན་ཐུང་ཞིག་ཕྱིར་ཐོན་ཡོད་འདུག བརྙན་ཐུང་དེ་མཐོང་མཁན་ཞིག་གིས། གཞོན་སྐྱེས་དེ་དག་གི་ངོ་གདོང་ལས་ཚོར་བ་གང་ཡང་མེད་པ་མངོན་གྱི་ཡོད་ཁར། ཁོ་ཚོ་བཞི་ལས་གཅིག་གི་སེམས་ཁམས་བདེ་པོ་ཡིན་པ་མངོན་པ་ལས། གསུམ་ནི་དེ་སྔོན་དང་མི་འདྲ་བའི་མི་གཞན་ཞིག་ལ་འགྱུར་བ་ཕྱིན་པ་ལྟ་བུ་ཆགས་ཡོད་སྐོར་བརྗོད་འདུག
དེ་ཡང་ཕྱི་ལོ་༢༠༡༨ ལོའི་ ཟླ་༦ པའི་ནང་རྒྱ་ནག་གི་ལྷོ་ཁུལ་དུ་ངལ་རྩོལ་བ་ཚོས་ངལ་རྩོལ་བའི་སྐྱིད་སྡུག་ཚོགས་པ་ཞིག་འཛུགས་རྒྱུར་ཐག་གཅོད་བྱས་ཀྱང་། གཞུང་གིས་ཁས་ལེན་མ་བྱས་སྟབས། རེ་སྐུལ་བསྟུད་མར་བྱས་འདུག རྗེས་སུ་ཟླ་བ་༧ པའི་ནང་ཉེན་རྟོག་པས་ངལ་རྩོལ་བ་མང་པོ་ཞིག་འཇུ་བཟུང་བྱས་ཡོད་ཁར། ངོ་རྒོལ་བྱེད་མཁན་ཁག་ལ་རྡུང་རྡེག་བྱས་པའི་གནད་དོན་བྱུང་། གནད་དོན་དེ་ལ་བརྟེན་ནས་ངལ་རྩོལ་བར་རྒྱབ་སྐྱོར་ཆེད་ཟླ་༧ པའི་ཚེས་༢༩ ཉིན་མའོ་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་ཡིན་ཟེར་བའི་གཞོན་སྐྱེས་མང་པོ་ཞིག་རྒྱལ་ཁབ་ཀྱི་ས་གནས་འདྲ་མིན་ནས་སླེབས་ཏེ། ངལ་རྩོལ་བའི་ངོ་རྒོལ་ལས་འགུལ་ལ་མཉམ་ཞུགས་བྱས་ཏེ། རྒྱལ་ནང་དུ་དོ་སྣང་ཆེན་པོ་སླེབས་འདུག་པས། ཟླ་༨ པའི་ནང་ལས་འགུལ་དེ་གོ་སྒྲིག་བྱེད་མཁན་གཞོན་སྐྱེས་ལས་འགུལ་བ་མང་པོ་ཞིག་གར་སོང་ཆ་མེད་འགྱུར་ཡོད་ཁར། ཟླ་༡༡ པའི་ནང་རྒྱ་ནག་གི་གྲོང་ཁྱེར་པེ་ཅིང་དང་ཧྲང་ཧེ་སོགས་གྲོང་ཁྱེར་བཞི་ནས། ཉེ་ཆར་སྐད་གྲགས་ཅན་གྱི་གཙུག་ལག་སློབ་གཉེར་ཁང་ཁག་ནས་སློབ་ཐོན་བྱས་པའི་དམར་ཤོག་ལྟ་བ་འཛིན་མཁན་གཞོན་སྐྱེས་ཚུད་པའི་མི་གྲངས་༡༩ ཞིག་འཛིན་བཟུང་བྱས་ཡོད་ཁར། མི་རིགས་སློབ་ཆེན་གྱི་སློབ་ཐོན་པ་ཞིག་དང་ངལ་རྩོལ་བ་གཉིས་ཝུ་ཧན་ཞེས་པའི་ས་གནས་དེ་ནས་འཛིན་བཟུང་བྱས་འདུག གཞོན་སྐྱེས་ལས་འགུལ་བ་མང་པོ་ཞིག་གར་སོང་ཆ་མེད་དུ་འགྲོ་བཞིན་པའི་གནད་དོན་དང་འབྲེལ་ནས་པེ་ཅིང་གཙུག་ལག་སློབ་གཉེར་ཁང་གི་སློབ་མའི་རུ་ཁག་གཅིག་གིས། གར་སོང་ཆ་མེད་སོང་བའི་སློབ་ཟུར་རྣམས་ཀྱི་བདེ་སྡུག་ཚོགས་པ་ཞིག་བཙུགས་ནས། ཡོངས་ཁྱབ་བསྒྲགས་ཡིག་སྤེལ་ཏེ། འཛིན་བཟུང་བྱས་པའི་སློབ་ཟུར་རྣམས་གློད་གྲོལ་གཏོང་བའི་དགོས་འདུན་བཏོན་འདུག རྗེས་སུ་མཐོ་སློབ་ཁང་གི་འཛིན་སྐྱོང་དང་སྒྲིག་ཆས་མ་གྱོན་པའི་ཉེན་རྟོག་པས་གནད་དོན་དེ་སྣང་མེད་གཏོང་དགོས་པའི་ཉེན་བརྡ་ཡང་བཏང་ཡོད་འདུག
ཕྱི་ལ་ཐོན་པའི་བརྙན་ཐུང་དེ་དང་འབྲེལ་ནས། རྒྱ་ནག་གི་ངལ་རྩོལ་བ་ཚོའི་བདེ་སྡུག་ཚོགས་པས། དེ་ནི་ཡིད་ཆེས་བྱེད་ཐབས་མེད་པའི་མིང་རྗེས་བཟོ་ཆེད་ཀྱི་བརྙན་ཐུང་ཞིག་ཡིན་པ་དང་། གཞུང་གིས་བརྙན་ཐུང་དེ་བེད་སྤྱད་ནས་ངལ་རྩོལ་བ་ཚོར་རྒྱབ་སྐྱོར་བྱེད་མཁན་ཚོར་སྡིགས་བསྐུལ་དང་ཁ་འཐོར་གཏོང་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག
རྒྱ་ནག་གི་ཉེན་རྟོག་པས་པེ་ཅིང་དང་མི་མང་གཙུག་ལག་སློབ་གཉེར་ཁང་ཚུད་པའི་གཙུག་ལག་སློབ་གཉེར་ཁང་གཞན་རྣམས་སུ། སློབ་ཕྲུག་གྲངས་༢༠ དང་དེ་བཞིན་ཕ་མ་དང་སློབ་དཔོན་ཁག་ཅིག་ལ་བཙན་དབང་ཐོག་ནས་བརྙན་ཐུང་དེ་བལྟ་རུ་བཅུག་ཡོད་པའི་གནས་ཚུལ་ཡང་འདུག
ཉེ་བའི་ལོ་ཤས་ནང་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་ལས་འགུལ་བ་སོགས་མང་པོ་ཞིག་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་ཁར། ལོ་སྔོན་མར་མའོ་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་གྱི་གཞོན་སྐྱེས་ལས་འགུལ་བའི་ནུས་པ་འཕེལ་བཞིན་པ་བཀག་འགོག་ཆེད། དེ་དག་འཛིན་བཟུང་བྱེད་བཞིན་ཡོད་འདུག ནིའུ་ཡོག་དུས་བབ་ཐོག་ཏུ། འཛིན་བཟུང་བྱས་པའི་གཞོན་སྐྱེས་དེ་དག་ནི་རྒྱ་ནག་གི་སྐད་གྲགས་ཆེ་ཤོས་གྲས་ཀྱི་གཙུག་ལག་སློབ་གཉེར་ཁང་ཁག་དུ་མའོ་རིང་ལུགས་དང་ཞི་ཅིན་ཕིང་གི་བསམ་བློ། མར་ཁེ་སི་རིང་ལུགས་སོགས་ལ་སློབ་གཉེར་ཧུར་ཐག་བྱས་ཏེ་སློབ་ཐོན་རྗེས། དམར་ཤོག་གི་ལྟ་བ་ལྟར་སྤྱི་ཚོགས་ནང་གི་ཉམས་ཐག་དབང་མེད་རྣམས་ཀྱི་ཆེད་དུ་ལས་འགུལ་སྤེལ་བཞིན་ཡོད་པ་དེ་སྲིད་གཞུང་གིས་ཉེན་ཁ་མཐོང་གི་ཡོད་སྐོར་བྲིས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།