རྒྱ་ནག་གི་གློག་ཤུགས་འཕྲུལ་འཁོར་བཟོ་སྐྲུན་དང་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན།

ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་པ་དང་། ཨ་རིས་འཕྲུལ་རིགས་བཟོ་སྐྲུན་དང་འབྲེལ་བའི་ཐོན་རྫས་མང་པོ་ཞིག་རྒྱ་ནག་ལ་བཙོང་རྒྱུ་བཀག་སྡོམ་བྱས་པའི་རྐྱེན་གྱིས། ད་ཆར་རྒྱ་ནག་གིས་བོད་ནང་གཏེར་ཁ་སྔོག་འདོན་བྱས་ནས་རྒྱ་ནག་རང་ནང་བཟོ་སྐྲུན་བྱེད་བཞིན་ཡིན་འདུག་པར་བརྟེན། གཏེར་ཁ་སྔོག་འདོན་དེ་དག་གིས་རྐྱེན་པའི་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཕོག་བཞིན་ཡིན་པ་ཉམས་ཞིབ་པ་དག་གིས་རྗོད་ཀྱི་འདུག

ཕྱི་ཚེས་༢ ཉིིན་ཐའེ་པེ་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ། ད་ཆར་རྒྱ་ནག་ནི་འཛམ་གླིང་ནང་གློག་ཤུགས་འཕྲུལ་འཁོར་བཟོ་མཁན་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཀྱི་ཡོད་ཀྱང་། གློག་ཤུགས་འཕྲུལ་འཁོར་བཟོ་རྒྱུའི་ཐོན་ཁུངས་མང་པོ་ཞིག་རྒྱལ་ཁབ་གཞན་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་དང་། དེ་ཡང་ཨ་རི་ནས་ལྕགས་རིགས་ལི་ཐི་ཡམ་(Litium)ཁམས་རྫས་ཟེར་བ་དེ་གློག་རྫས་ནང་བེད་སྤྱོད་གཏོང་གི་ཡོད་པར་བརྟེན། ཨ་རིས་རྒྱ་ནག་ལ་བཙོང་རྒྱུ་བཀག་སྡོམ་བྱས་པའི་རྐྱེན་གྱིས་ད་ཆར་རྒྱ་ནག་གིས་བོད་ནས་ལྕགས་རིགས་ཁམས་རྫས་ཟེར་བའི་གཏེར་ཁ་དེ་སྔོག་འདོན་བྱེད་བཞིན་ཡོད་འདུག རྒྱ་ནག་གི་གློག་རྫས་ནང་བེད་སྤྱོད་བྱེད་རྒྱུའི་ཁམས་རྫས་བརྒྱ་ཆ་༨༥ བོད་ནས་ཐོན་གྱི་ཡོད་འདུག་པར་བརྟེན། ཉེ་ཆར་(Turquoise Roof)་ཟེར་བའི་བོད་གནས་ཉམས་ཞིབ་འབྲེལ་མཐུད་ཁང་གིས་རྒྱ་ནག་གིས་ཁམས་རྫས་ཟེར་བའི་རྫས་དེ་བོད་ནང་ནས་སྔོག་འདོན་བྱས་ཏེ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཕོག་བཞིན་ཡོད་པར་བརྗོད་འདུག་ལ། གློག་རྫས་དེ་བཟོ་སྐྲུན་བྱེད་མཁན་རྒྱ་ནག་གི་ཚོང་གཉེར་ཁང་ (BYD)དང་ཨ་རིའི་འབྱོར་ལྡན་བ་(Elon Musk’s Tesla)གཉིས་གཙོ་བོ་ཡིན་འདུག (electric vehicle)

གློག་ཤུགས་འཕྲུལ་འཁོར་ཆེན་པོའི་རིགས་དང་མགྱོགས་པོའི་རིགས་ནང་ལི་ཐི་ཡམ་མམ་ཁམས་རྫས་ཟེར་བ་དེ་ཧ་ཅང་གིས་དགོས་མཁོ་ཆེན་པོ་ཡིན་འདུག་པར་བརྟེན། རྫས་དེ་ད་ལྟའི་ཟི་ཁྲོན་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་ཁོངས་སུ་ཡོད་པའི་བོད་ཀྱི་ས་ཆའི་ནང་(tonnes)་ས་ཡ་༣་༦ ཙམ་འདོན་གྱི་ཡོད་པ་རྗོད་ཀྱི་འདུག གཏེར་ཁ་དེ་དག་སྔོག་འདོན་བྱས་པ་ལ་བརྟེན་ནས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གཏོར་རྒོལ་དང་འབག་བཙོག་ཆེན་པོ་བཟོ་བཞིན་ཡོད་པར་ཡང་རྗོད་ཀྱི་འདུག་ལ།  དེ་བཞིན་བོད་ནང་གི་རྩ་ཐང་མང་པོ་ཞིག་གཞུང་གིས་མི་མང་གི་ལག་ནས་གཞུང་བཞེས་བཏང་སྟེ་གཏེར་ཁ་སྔོག་འདོན་བྱས་པར་བརྟེན། འབྲོག་པ་མང་པོའི་ནོར་ལུག་དག་ལ་རྩྭ་ཟ་ས་རྩ་ཐང་མེད་པ་དང་། གཏེར་ཁ་སྔོག་འདོན་བྱས་པའི་ཆུ་སྙིགས་མང་པོ་ལུང་ཆུའི་ནང་བཏང་ནས་ཉ་སོགས་ཆུ་གནས་ཀྱི་སྲོག་ཆགས་རིགས་མང་པོ་ཞིག་ཤི་ཡི་ཡོད་པ་ཡང་བརྗོད་ཀྱི་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།