རྒྱ་ནག་གི་དངུལ་ཁང་ཞིག་གི་འགན་འཛིན་ཟུར་པ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག

ཟླ་འདིའི་ཚེས་༡༥ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་དངུལ་ཁང་ཞིག་གི་འགན་འཛིན་ཟུར་པ་ཞིག་གིས་ལྐོག་ཟ་རུལ་སུངས་བྱས་པའི་རྐྱེན་གྱིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་ལྷོ་ཕྱོགས་ས་ཁུལ་དུ་ཡོད་པའི་རྒྱ་ནག་གི་དངུལ་ཁང་ཞེས་པའི་ཡན་ལག་དངུལ་ཁང་ཞིག་ཡོད་པ་དང་། མིང་ལ་ཞུས་གོ་ཅུན་(Xu Guojun) ཟེར་བ་ཞིག་གིས་ཕྱི་ལོ་༡༩༩༣ ནས་༢༠༠༡ བར་དངུལ་ཁང་དེའི་འགན་འཛིན་གྱི་ལས་ཀ་བྱས་ཡོད་ཀྱང་། ད་ལྟའི་ཆར་ཁོང་གིས་རྒྱ་སྒོར་ཐེར་འབུམ་༢༣ ཧམ་ཟ་བྱས་ཡོད་པ་ར་སྤྲོད་བྱུང་བར་བརྗོད་ནས་རྒྱ་གཞུང་གིས་ཁོ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག

གནས་ཚུལ་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞིན་ཅིང་ཕིང་གིས་ལྐོག་ཟ་རུལ་ཟུངས་བ་ལ་རྡུང་རྡེག་གཏོང་བའི་ལས་འགུལ་ཁྲོད་ཀྱི་གནས་ཚུལ་གསར་ཤོས་དང་ཆེ་ཤོས་དེ་ཆགས་ཡོད་འདུག སྲིད་འཛིན་ཞིན་ཅིང་ཕིང་གིས་ལྐོག་ཟ་རུལ་ཟུངས་བ་ལ་རྡུང་རྡེག་གཏོང་བའི་ལས་འགུལ་ཁྲོད། ད་བར་དངུལ་ཁང་ཁག་གི་ལས་བྱེད་དང་འགན་འཛིན་མང་པོ་ལ་ཡང་རྡུང་རྡེག་བཏང་ཡོད་འདུག

ཁྲིམས་ཁང་གིས་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། དངུལ་ཁང་གི་འགན་འཛིན་ཞུས་གོ་ཅུན་དང་ཁོང་གི་ལས་རོགས་གཉིས་ཀྱིས་དངུལ་བུན་གཏོང་མཁན་གྱི་མ་དངུལ་དོ་དམ་མ་ལག་གི་སྐྱོན་ཆ་སྤྱད་དེ་དངུལ་བུན་རྫུན་མ་བླངས་ཡོད་འདུག

ཁོང་དང་ངན་པ་ལག་སྦྲེལ་བྱེད་མཁན་གཉིས་ལ་དེ་སྔ་ལོ་ངོ་༡༢་དང་༡༣ གྱི་བཙོན་འཇུག་གིས་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ཁོང་གཉིས་ཀྱིས་བརྐུས་པའི་རྒྱ་སྒོར་ཐེར་འབུམ་གཉིས་ཕྱིར་བླངས་ཟིན་ཡོད་འདུག

འགན་འཛིན་ཟུར་པ་ཞུས་གོ་ཅུན་ནི་ཕྱི་ལོ་༢༠༠༡ ལོ་ཨ་རི་ལ་བྲོས་བྱོལ་དུ་ཕྱིན་ཡོད་ཀྱང་། ཁོ་བཙན་དབང་གིས་ཕྱིར་རྒྱ་ནག་ཏུ་བསློགས་ནས་ལོ་ངོ་གཉིས་ཕྱིན་ཡོད་འདུག རྒྱ་གཞུང་གིས་ཁོའི་ཆབ་སྲིད་ཐོབ་ཐང་ཚང་མ་འཕྲོག་ཡོད་པ་མ་ཟད། རྒྱུ་ནོར་དང་མཁར་དབང་ཡང་གཞུང་བཞེས་བཏང་ཡོད་འདུག

དེ་སྔ་སྲིད་འཛིན་ཞིན་ཅིང་ཕིང་གིས་དངུལ་ཁང་ནང་ལས་ཀ་བྱེད་མཁན་སྐྱིད་འདོད་རིང་ལུགས་པ་ཚོ་རྡུང་རྡེག་གཏོང་དགོས་ཞེས་བརྗོད་ཡོད་པ་ལྟར། ད་ལྟའི་ཆར་རྒྱ་གཞུང་གི་དངུལ་ཁང་ཞིག་གི་འགན་འཛིན་ཞིག་ལ་ཆད་པ་བཅད་ཅིང་། ཞིབ་འཇུག་བྱེད་བཞིན་ཡོད་འདུག  ཕྱི་ལོ་༢༠༡༩ ནས་༢༠༢༣ བར་རྒྱ་ནག་གཞུང་གི་དངུལ་ཁང་ཞིག་གི་འགན་འཛིན་(Liu Liange) ཞེས་པ་ཞིག་ཀྱང་ལོ་འདིའི་ཕྱི་ཟླ་༣ པའི་ནང་ལས་གནས་ནས་རྩ་དགོངས་ཞུས་ཡོད་འདུག

ལོ་འདིའི་ཕྱི་ཟླ་༩ པའི་ནང་།་རྒྱ་ནག་གི་ཚེ་སྲོག་འགན་བཅོལ་(Life insurance) ཁང་གི་འགན་འཛིན་ཝང་པིང་ཞེས་པ་ཞིག་གིས་རྒྱ་སྒོར་ས་ཡ་༥༠ ལྷག་ཕྱི་རྒྱལ་དུ་བཅོལ་ཡོད་པའི་ཉེས་འཛུགས་ཀྱིས་ཚེ་བཙོན་གྱིས་ཁྲིམས་ཐག་བཅད་ཡོད་འདུག

ལོ་འདིའི་ཕྱི་ཟླ་༡༠ པའི་ནང་། རྒྱ་ནག་གི་དངུལ་ཁང་ཞེས་པ་ཞིག་གི་འགན་འཛིན་ཟུར་པ་ཞིག་གིས་ཁྲིམས་འགལ་གྱིས་ལྐོག་རྔན་དང་དངུལ་བུན་གཡར་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།