རྒྱ་ནག་གི་དམག་མི་རྣམས་ལ་མི་འབོར་འཕེལ་རྒྱས་གཏོང་རྒྱུའི་འགན་སྤྲད་ཡོད་འདུག 

རྒྱ་ནག་ནི་ལོ་མང་རིང་འཛམ་གླིང་ནང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་བྱས་ནས་བསྡད་ཡོད་ཀྱང་། འདི་ལོ་ནས་རྒྱ་ནག་གི་མི་འབོར་ཨང་གཉིས་པ་དང་། རྒྱ་གར་ཨང་དང་པོ་ཆགས་ནས་རྒྱ་ནག་ལས་རྒྱ་གར་མི་འབོར་མང་བ་ཡོད་འདུག་ལ། ད་ཆར་རྒྱ་ནག་གི་མི་འབོར་འཕར་ཚད་ཧ་ཅང་ཉུང་དུ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་རྒྱ་གཞུང་དངངས་འཚབ་སྐྱེས་ནས་དམག་མི་རྣམས་ལ་མི་འབོར་འཕེལ་རྒྱས་གཏོང་རྒྱུའི་འགན་སྤྲོད་བཞིན་ཡོད་འདུག 

ཕྱི་ཚེས ༢༩ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་མི་ལོ་༦༡ ནང་བྱུང་མྱོང་མེད་པའི་ལོ་སྔོན་མར་རྒྱ་ནག་གི་མི་འབོར་ཉུང་དུ་ཕྱིན་པའི་རྐྱེན་གྱིས་ད་ཆར་རྒྱ་ནག་གཞུང་གིས་རྒྱ་ནག་གི་དམག་མི་རྣམས་ལ་ཕྲུ་གུ་གང་མང་བཟོ་དགོས་པའི་སྐུལ་མ་གཏོང་གི་ཡོད་འདུག ཐབས་ལམ་དེ་ནི་རྒྱ་ནག་རང་གི་མི་འབོར་འཕེལ་རྒྱས་གཏོང་ཐབས་དང་། དེ་བཞིན་མ་འོངས་པར་གཞོན་སྐྱེས་ཁྲོད་དམག་མིའི་མདུན་ལམ་དེ་བཟང་པོ་ཞིག་དང་ཁྱིམ་གྱི་དཔལ་འབྱོར་སྲ་བརྟན་ཡོད་པར་སྟོན་ཐབས་བྱེད་བཞིན་ཡོད་འདུག ཨ་རི་(Voice of America)བརྗོད་དོན་ལ་རྒྱ་ནག་དམར་ཤོག་གཞུང་གི་འགོ་ཁྲིད་རྣམས་ཀྱིས་ཁྱིམ་ཚང་འཆར་འགོད་དང་དམག་མི་ལ་སྲིད་བྱུས་ཤིག་བཟོས་འདུག་པ་དང་། སྲིད་བྱུས་དེ་ཕྱི་ཟླ་༩ ཚེས་༡༠ ཉིན་ལག་བསྟར་བྱེད་འགོ་བཙུགས་ཟིན་ཡོད་འདུག སྲིད་བྱུས་དེའི་སྐོར་ཞིབ་ཕྲ་མི་མང་ལ་ད་དུང་གང་ཡང་བརྗོད་མི་འདུག་ཀྱང་། རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་གིས་བརྗོད་དོན་ལ་སྲིད་བྱུས་དེ་ཡིས་མ་འོངས་པར་ཕྲུ་གུ་སྐྱེ་དུས་གཞུང་གི་ཐོབ་ཐང་གང་ཡོད་པ་དང་། ཕ་མ་ལ་ཐོབ་ཐང་གང་ཡོད་པ་སོགས་སྲིད་བྱུས་དེའི་ཁོངས་གཏོགས་ཡོད་པར་བརྗོད་འདུག དེ་བཞིན་རྒྱ་ནག་དམག་དོན་དྲྭ་རྒྱའི་ཐོག་བཀོད་ཡོད་དོན་ལ། དམག་མི་སུ་འདྲ་ཞིག་གི་ཆུང་མ་ལ་ཕྲུ་གུ་སྐྱེས་ཡོད་ན་ལོ་གཅིག་ནང་གུང་གསེང་མཐོལ་པ་ཉིན་ལྔ་སྤྲོད་རྒྱུ་ཡིན་པར་བརྗོད་འདུག ཉིན་ལྔ་དེ་རང་གི་བྱིས་པ་ལོ་གསུམ་མ་ཟིན་བར་ཡོད་འདུག་ལ། རང་ཉིད་ལ་གཞུང་གི་ལས་དོན་ཡོད་པའི་སྐབས་སུ་ཡང་ལོ་གཅིག་ནང་ཐེངས་གཉིས་ཕ་མ་དང་ནང་མིར་ཐུག་འཕྲད་ཆེད་དུ་དེ་སྔོན་ལས་མཐོལ་པ་འགྲོ་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་ཡིན་པར་ཡང་བརྗོད་པ་དང་། ད་དུང་དངུལ་ཡང་སྤྲོད་རྒྱུ་ཡིན་པར་བརྗོད་འདུག རྒྱ་ནག་ནི་ལོ་མང་རིང་འཛམ་གླིང་ནང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཅིག་ཡིན་ཡང་། ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་ཆར་རྒྱ་གར་གྱི་མི་འབོར་རྒྱ་ནག་ལས་མང་བ་ཡོད་པར་བརྟེན། རྒྱ་གར་ནི་འཛམ་གླིང་ནང་མི་འབོར་ཨང་དང་པོ་དང་རྒྱ་ནག་ཨང་གཉིས་པ་ཡིན་པར་བརྗོད་ཡོད་འདུག རྒྱ་ནག་གི་མི་འབོར་ཉུང་དུ་འགྲོ་དགོས་པའི་རྒྱུ་མཚན་ནི། འདས་པའི་ལོ་རབས་མང་པོའི་རིང་བྱིས་པ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་ཤིག་ལག་བསྟར་བྱས་པའི་རྐྱེན་གྱིས། རྒྱ་ནག་གི་མི་འབོར་ཉུང་ཕྱིན་ནས་ད་ཆར་རྒན་རབས་པའི་མི་འབོར་གྱི་གྲངས་ཀ་མང་པོ་ཆགས་ཡོད་འདུག མཐར་ཕྱི་ལོ་༢༠༡༦ ལོར་རྒྱ་ནག་གཞུང་གིས་བྱིས་པ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་དེ་མེད་པ་བཟོས་ཡོད་འདུག ད་ཆར་རྒྱ་ནག་གིས་བཟའ་ཚང་གཅིག་ལ་བྱིས་པ་གསུམ་སྐྱེ་ཆོག་པའི་སྲིད་བྱུས་ཤིག་བཟོས་ཡོད་འདུག་ལ། རྒྱ་ནག་གི་གྲོང་ཁྱེར་(Shanghai)་སོགས་གྲོང་ཁྱེར་ཁ་ཤས་ནང་བཟའ་ཚང་གཅིག་ལ་བྱིས་པ་གསུམ་ཡོད་ན་གཞུང་གིས་ཨ་སྒོར་༥༠༠༠ ཁྱིམ་གྱི་འགྲོ་གྲོན་ཆེད་སྤྲོད་ཀྱི་ཡོད་འདུག ད་ཆར་མི་མང་ཁྲོད་བྱིས་པ་སྐྱེ་རྒྱུ་ཕྲན་བུ་མང་དུ་འགྲོ་བཞིན་ཡོད་ཚུལ་བརྗོད་འདུག་ལ། དེ་བཞིན་དམག་མི་རྣམས་ལ་བྱིས་པ་མང་དུ་བཟོ་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།