རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག
ཟླ་འདིའི་ཚེས་༢༡ ཉིན་གྱི་སྔ་དྲོར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡཱི། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་བཞིའི་རིང་རྒྱ་གར་དང་རྒྱ་ནག་བར་གྱི་ཚོགས་འདུའི་ལས་དོན་ཆེད་དུ་འབྱོར་གྱི་ཡོད་པ་ལྟར། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་ངོ་རྒོལ་ལས་འགུལ་སྤེལ་འདུག
དེ་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡཱི་རྒྱ་གར་གྱི་རྒྱལ་སར་མ་འབྱོར་བའི་སྔོན་དུ། ཁོང་གི་རླངས་འཁོར་འགྲོ་བསྐྱོད་བྱེད་ཡུལ་གྱི་རྒྱ་ལམ་ནས་མཐོང་ཐུབ་པའི་ལྡིང་ཟམ་རྒྱ་ལམ་ཐོག་ནས། རྒྱ་ནག་བོད་ནས་ཕར་རྒྱུག་ཅེས་འཁོད་པའི་འཕྲེད་དར་བཏགས་འདུག་པ་དང་། ལས་འགུལ་དེ་སྤེལ་བཞིན་པའི་བརྙན་ཐུང་ཞིག་དྲ་ཐོག་ཏུ་སྤེལ་འདུག
བརྙན་ཐུང་དེའི་ནང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་རིན་འཛིན་ཆོས་སྒྲོན་གྱིས། ལས་འགུལ་དེ་སྤེལ་དགོས་དོན་ནི་རྒྱ་ནག་དམར་ཤོག་ཚོགས་པ་དང་ཕྱི་སྲིད་བློན་ཆེན་ལ། བོད་ནང་དུ་མི་རིགས་རྩ་མེད་དང་དྲག་གནོན་བྱེད་བཞིན་པའི་འགན་བླངས་ཡོད་པ་སྟོན་ཆེད་ཡིན་སྐོར་དང་། དེ་བཞིན་ཐེངས་འདིར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སུཤི་མ་སཱེ་ཝེ་རཇེ་ཐུག་འཕྲད་བྱེད་རྒྱུ་ཡིན་པས། ཁོང་གིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་ཐུག་འཕྲད་སྐབས་བོད་ཀྱི་གནད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུ་རྒྱུ་དང་། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གཏོང་བའི་ཐོག་ནས་འབྲེལ་ལམ་དང་འཕེལ་རྒྱས་བྱུང་བ་ངོས་ལེན་བྱེད་ཐབས་མེད་པ་དེ་རྒྱ་གར་ལ་དྲན་བསྐུལ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
ཟླ་༡༢ པའི་ཚེས་༢༡ ནས་༢༤ བར་རྒྱ་གར་དང་རྒྱ་ནག་གི་ཚོགས་འདུ་ཞིག རྒྱལ་ས་ལྡི་ལིར་འཚོག་གི་ཡོད་པའི་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་མཉམ་ཞུགས་བྱེད་རྒྱུ་དང་། དེའི་རྗེས་སུ་ཨུ་རཱང་གྷ་བྷཌེ་(Aurangabad)དང་མུམ་བྷེ་(Mumbai)ལ་འགྲོ་རྒྱུ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།