རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཨ་རི་ལ་ཡོང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ།

ད་ལྟའི་དུས་སུ་དཀྱིལ་ཤར་ཡུལ་གྲུའི་ནང་དམག་འཁྲུག་དང་ཚོང་འབྲེལ་སོགས་ཀྱི་རྩོད་རྙོག་འབྱུང་བཞིན་ཡོད་པ་དང་། ཡུག་རེན་གྱི་དམག་འཁྲུག ཐེ་ཝན་གྱི་གནད་དོན། པེ་ཅིན་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྩོད་རྙོག་བཟོ་བཞིན་ཡོད་པ་སོགས་ཀྱི་སྐབས་འདིར། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཨ་རི་ལ་ཡོང་སྟེ་ཨ་རིའི་མཐོ་རིམ་དཔོན་རིགས་ཁག་དང་ཐུག་རྒྱུ་ཡིན་འདུག
ཕྱི་ཚེས་༢༤ ཉིན་རྒྱ་གར་གྱི་ (Wion )གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་འདིའི་གཟའ་མཇུག་སྟེ་ཕྱི་ཚེས་༢༦ ནས་༢༨ བར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ (Wang Yi )ཨ་རིའི་ནང་ཡོང་འཆར་ཡོད་འདུག་པ་དང་། ད་ཆར་དཀྱིལ་ཤར་ཡུལ་གྲུ་ཁག་གི་ནང་དམག་འཁྲུག་དང་ཚོང་འབྲེལ་གྱི་རྩོད་རྙོག་འབྱུང་བཞིན་ཡོད་པ་དང་། དེ་བཞིན་ཡུག་རེན་གྱི་དམག་འཁྲུག ཐེ་ཝན་གྱི་གནད་དོན། པེ་ཅིན་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དང་འབྲེལ་ནས་རྩོད་རྙོག་བཟོ་བཞིན་ཡོད་པའི་སྐབས་འདིར།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཨ་རི་ལ་ཡོང་རྒྱུ་ཡིན་པ་ཕྱི་ཚེས་༢༣ ཉིན་ཨ་རིའི་གཞུང་གིས་བརྗོད་ཡོད་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་དང་སྲིད་འཛིན་(Joe Biden)གྱི་རྒྱལ་ཁབ་ཀྱི་བདེ་སྲུང་སློབ་སྟོན་པ་(Jake Sullivan)སོགས་ཐུག་འཕྲད་བྱེད་འཆར་ཡོད་འདུག ཐེངས་འདིའི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཐུག་འཕྲད་དེ་ལོ་ལྔ་མ་ཟིན་ཙམ་གྱི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མཐོ་ཤོས་བར་ཐུག་འཕྲད་དང་པོ་དེ་ཡིན་འདུག ཉེ་སྔོན་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཙོས་པའི་གྲོས་ཚོགས་འཐུས་མི་འགའ་ཤས་རྒྱ་ནག་ལ་ཕྱིན་ཡོད་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཇོ་བྷ་ཌན་གཉིས་ཡོང་འགྱུར་གྱི་ཕྱི་ཟླ་༡༡ ནང་ཐུག་འཆར་ཡོད་པར་བརྟེན།
དེའི་སྔོན་ལ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྣམས་ཐུག་འཆར་ཡོད་འདུག རྒྱ་ནག་གཞུང་གིས་ཕྱི་སྲིད་བློན་ཆེན་ལྟ་སྐོར་ཡོང་དོན་སྐོར་མདོར་བསྡུར་ཞིག་བརྗོད་ཡོད་འདུག་པ་དང་། དེ་ཡང་ཐེངས་འདིའི་ཐུག་འཕྲད་དེ་འཛམ་གླིང་ནང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་བར་ལོ་མང་གོང་ནས་རྩོད་རྙོག་དང་འགྲན་བསྡུར་རྣོ་ངར་ཅན་ཞིག་ཡོང་བཞིན་ཡོད་པར་བརྟེན། ཕན་ཚུན་འབྲེལ་ལམ་བསྐྱར་གསོ་ཡོང་ཐབས་ཡག་ཤོས་ནི་འགོ་ཁྲིད་ཕན་ཚུན་བར་གདོང་དང་གདོང་ཐུག་ནས་གྲོས་མོལ་བྱས་ན་ཡག་ཤོས་ཡིན་པའི་རྐྱེན་གྱིས་ཐུག་འཕྲད་དེ་གོ་སྒྲིག་བྱས་ཡོད་ཚུལ་བརྗོད་འདུག་ལ། ད་བར་གོ་ནོར་དང་འགྲེལ་ལོག་མང་པོ་བརྒྱབས་པའི་རྐྱེན་གྱིས་རྒྱལ་ཁབ་གཉིས་བར་རྩོད་རྙོག་འབྱུང་བཞིན་ཡོད་ཚུལ་བརྗོད་འདུག དེ་བཞིན་ད་ཆར་གྷ་ཛ་ལ་ཨི་སི་རེལ་གྱིས་གཏོར་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ཡུག་རེན་ལ་ཨུ་རུ་སུ་ཡིས་བཙན་འཛུལ་བྱེད་བཞིན་ཡོད་པར་བརྟེན། ཨ་རིའི་གཞུང་གིས་ཨི་སི་རེལ་དང་ཡུག་རེན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། ཐེངས་འདིའི་མཇལ་འཕྲད་སྐབས་ད་ལྟ་འབྱུང་བཞིན་པའི་དམག་འཁྲུག་སྐོར་གྲོས་བསྡུར་བྱེད་རྒྱུ་ཡིན་འདུག དེ་བཞིན་ཨ་རྒྱ་གཉིས་བར་གྱི་དམག་དོན་སྐོར་ཡང་གྲོས་བསྡུར་བྱེད་རྒྱུ་ཡིན་འདུག ཉེ་ཆར་དཀྱིལ་ཤར་ཡུལ་གྲུའི་ནང་དམག་འཁྲུག་གི་རྩོད་རྙོག་འབྱུང་བཞིན་ཡོད་པའི་རྐྱེན་གྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ཨི་རན་ལ་ངེས་པར་དུ་གནོད་ཤུགས་སྤྲད་ནས། ཧ་མ་སི་ལ་རྒྱབ་སྐྱོར་བྱེད་རྒྱུ་མཚམས་འཇོག་བྱེད་འཇུག་དགོས་པའི་སྐུལ་མ་བཏང་ཡོད་འདུག དེ་རྗེས་སུ་རྒྱ་ནག་གིས་ཨ་རིས་ཨི་སི་རེལ་ལ་རྒྱབ་སྐྱོར་བྱས་པ་དེ་ནོར་འཁྲུལ་ཡིན་པ་སྐྱོན་བརྗོད་བྱས་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
