རྒྱ་ནག་གི་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་གསར་པ།

ཟླ་འདིའི་ཚེས་༢༩ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་ཇུས་འཆཪ་འགོད་ལྷན་ཚོགས་ཀྱི་ལོ་ལྔའི་འཆར་གཞིའི་ཚོགས་འདུའི་ཉིན་མཐའ་མར། ཕྱི་ལོ་༡༩༧༩ ལོ་ནས་ལག་བསྟར་བྱས་པའི་ཕ་མ་གཅིག་ལ་ཕྲུ་གུ་གཅིག་གི་སྲིད་བྱུས་དེར་འགྱུར་བ་བཏང་སྟེ། ཕ་མ་གཅིག་ལ་ཕྲུ་གུ་གཉིས་སྐྱེས་ཆོག་པ་བཟོས་འདུག

12200705_10ཆབ་སྲིད་དཔྱད་བརྗོད་པ་མང་པོས་རྒྱ་ནག་གིས་མི་འབོར་བརྒྱ་ཆ་༣༠ ལོ་ན་༥༠ བརྒལ་བ་ཡིན་པ་དང། ཕོ་མོའི་བསྡུར་ཚད་ལ་ཧེ་བག་ཤིན་ཏུ་ཆེན་པོ་ཡོད་པ། དེ་བཞིན་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཆེད་དུ་ལས་མི་གཞོན་པ་གྲངས་འབོར་ཆེན་པོ་དགོས་པའི་རྐྱེན་གྱིས། སྲིད་ཇུས་དེར་འགྱུར་བ་བཏང་བ་ཡིན་སྐོར་འགྲེལ་བརྗོད་བྱེད་བཞིན་ཡོད་འདུག

ཕྱི་ལོ་༡༩༧༩ ལོར་སྲིད་བྱུས་དེ་མི་འབོར་འཕེལ་ཚད་ཉུང་དུ་གཏོང་ཆེད་དུ་ལག་བསྟར་བྱས་པ་དང། སྐབས་དེར་ཕ་མ་གཅིག་ལ་ཕྲུ་གུ་གཅིག་ལས་མང་བ་སྐྱེས་ཚེ། བཙན་དབང་ཐོག་མངལ་དབྱུང་བྱེད་དུ་བཅུག་པ་དང། ལས་གནས་ནས་ཕུད་པ། ཉེས་ཆད་ཕོགས་པ་སོགས་ཡོང་གི་ཡོད་པ་རེད། སྲིད་བྱུས་དེ་ལ་བརྟེན་ནས་རྒྱ་ནག་ནང་ཕྲུག་གུ་བུ་མོ་སྐྱེས་མ་ཐག་བསད་པའི་གནས་ཚུལ་ཡང་མང་པོ་ཐོན་ཡོད་པ་རེད།

ཕྱི་ལོ་༢༠༠༧ ལོར་ཕྲུ་གུ་གཉིས་པ་སྐྱེས་འདོད་ཡོད་ཚེ་དངུལ་ཆད་སྤྲད་ནས་སྐྱེས་ཆོག་གི་ཡོད་པར་ཁྱབ་བསྒྲགས་བྱས་ཡོད་པ་དང། ཕྱི་ལོ་༢༠༡༥ ལོར་ཕྲུ་གུ་གཉིས་སྐྱེས་ཆོག་པ་བཟོས་ཡོད་པ་རེད། ད་བར་སྲིད་ཇུས་དེས་མི་འབོར་ས་ཡ་༤༠༠ ཙམ་ཉུང་དུ་བཏང་ཐུབ་ཡོད་ཀྱང། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་མང་པོས་སྲིད་ཇུས་དེ་ནི་བཙན་གནོན་ཀྱི་སྲིད་ཇུས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཨ་རིར་སྐྱབས་བཅོལ་དུ་ཡོད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཆན་གྷོའང་ཆིང་(Chen Gaungcheng)གིས་ “རྒྱ་ནག་གཞུང་གིས་ཕ་མ་རྣམས་ཀྱིས་ཕྲུ་གུ་ག་ཚོད་སྐྱེས་ཆོག་མིན་ལ་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་མེད་པ་རེད།”ཅེས་གསར་འགྱུར་བརྒྱུད་ལམ་ཁག་ལ་བཤད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།