རྒྱ་ནག་གི་བཅའ་ཁྲིམས་བསྐྱར་བཅོས་དང་དམར་ཤོག་ཚོགས་པའི་དབང་ཆ་ཇེ་ཆེར་བཏང་བ།

འདས་པའི་བདུན་ཕྲག་ནང་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བ་དེ་པེ་ཅིང་དུ་འཚོགས་ཡོད་པ་བཞིན། ཚོགས་འདུའི་སྐབས་སུ་རྒྱ་ནག་གི་བཅའ་ཁྲིམས་བསྐྱར་བཅོས་བྱས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་སྔར་ལས་ཇེ་ཆེར་བཏང་ཡོད་འདུག་པ་དང་། བཅའ་ཁྲིམས་བསྐྱར་བཅོས་བྱས་པའི་ཁྲིམས་གསར་པ་རྣམས་ཚོགས་འདུ་གྲོལ་བ་ནས་ལག་བསྟར་བྱེད་རྒྱུ་ཡིན་འདུག 

ཕྱི་ཚེས་༡༢ (South China Morning post)རྒྱ་ནག་ལྷོ་ཕྱོགས་ཞོགས་པའི་གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བའི་ཐོག་རྒྱ་ནག་གི་བཅའ་ཁྲིམས་ལ་བསྐྱར་བཅོས་བྱས་ཡོད་འདུག་པ་དང་། བཅའ་ཁྲིམས་བསྐྱར་བཅོས་ཁྲོད་རྒྱ་ནག་དམར་ཤོག་ཚོགས་པ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་དབང་ཆ་ཆེ་རུ་བཏང་ཡོད་འདུག སྲིད་དོན་དཔྱད་བརྗོད་པ་དག་གིས་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བར་གྱི་དབང་ཆ་ཆ་བགོས་བྱས་པའི་ལམ་ལུགས་དེ་ད་ནས་བཟུང་མཇུག་བསྒྲིལ་ཡོད་པ་རེད་ཅེས་བརྗོད་ཡོད་འདུག ཚོགས་འདུའི་ཉིན་མཐའ་མར་རྒྱལ་ཡོངས་མི་དམངས་འཐུས་མི་རྣམས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་བྱས་པ་དེར། འཐུས་མི་༢༨༨༣ ཡིས་རྒྱབ་སྐྱོར་བྱས་པ་དང་། འཐུས་མི་༨ ཀྱིས་དགག་པ་བརྒྱབས་པ། འཐུས་མི་༩ འོས་བསྡུའི་ནང་མཉམ་ཞུགས་བྱས་མེད་པ་རེད་ཅེས་བརྗོད་འདུག (Study Times)ཟེར་བའི་གསར་ཁང་གི་རྩོམ་སྒྲིག་པ་གཞོན་པ་(Deng Yuwen)ཟེར་བ་དེས་ལོ་ངོ་༤༠ རྗེས་སུ་རྒྱ་ནག་དམར་ཤོག་ཚོགས་པ་དང་གཞུང་གཉིས་བར་གྱི་དབང་ཆ་ཆ་བགོས་བྱེད་པའི་ལམ་ལུགས་དེ་མཇུག་བསྒྲིལ་ཟིན་པ་དང་། ད་ཆར་རྒྱ་ནག་ནི་དམར་ཤོག་ཚོགས་པས་འགོ་གར་ཁྲིད་ཡིན་པ་རེད་བརྗོད་འདུག ད་དུང་ཞི་ཅིན་ཕིང་གིས་མའོ་ཡི་འབོད་སྒྲ་ཇི་བཞིན་དམར་ཤོག་ཚོགས་པའི་དབང་ཆ་ནི་གཞུང་དང་། དམག་མི། སྤྱི་ཚོགས། སློབ་གྲྭ ཤར་ལྷོ་ནུབ་བྱང་ཡོད་ཚད་ལས་དབང་ཆེས་ཆེ་ཤོས་དེ་ཡིན་ཞེས་བཤད་པ་བཞིན་ད་ཆར་དེ་ལྟར་བཟོ་ཐུབ་པ་རེད། དེ་བཞིན་ཕྱི་ལོ་༢༠༡༧ ལོར་རྒྱ་ནག་གི་བཅའ་ཁྲིམས་ནང་བཀོད་ཡོད་པ་རེད་ཅེས་བརྗོད་ཡོད་འདུག ཁོས་མུ་མཐུད་ནས་ཞི་ཅིན་ཕིང་གིས་དབང་ཆ་ཡོད་ཚད་གཅིག་བསྡུ་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་ནི་ད་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བྱུས་རྣམས་ལག་བསྟར་བྱེད་མཁན་དང་ཞི་ཅིན་ཕིང་ཁོ་རང་ཉིད་ཀྱི་ཆེད་དུ་ལས་དོན་སྒྲུབ་མཁན་བཟོས་ཡོད་པ་རེད། སྲིད་བློན་(Li Qiang)ལིས་ཆང་ནི་འདི་ལོའི་ཕྱི་ཟླ་༣ ནང་སྲིད་བློན་ཆགས་ཡོད་ཀྱང་། ཁོ་ནི་དམར་ཤོག་ཚོགས་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ལས་འགན་སྤྲད་པ་དག་ལག་བསྟར་འཐུས་ཚང་བྱེད་ཀྱི་འདུག་མིན་ལྟ་མཁན་དང་། དམར་ཤོག་ཚོགས་པ་ལ་བློ་དཀར་གཞུང་དྲང་ཐོག་སྡོད་རྒྱུ་ལས་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་རྒྱུ་དང་། མི་མང་ཁྲོད་ཐོན་ནས་ལས་དོན་སྒྲུབ་རྒྱུ་སོགས་དེ་ཙམ་ཡོད་མི་འདུག་ཅེས་བརྗོད།  ཐེངས་འདིར་རྒྱ་ནག་གི་བཅའ་ཁྲིམས་ནང་བསྐྱར་བཅོས་བྱས་པ་དེ་ཕྱི་ལོ་༡༩༨༢ ནས་ད་བར་ཐེངས་དང་པོ་ཡིན་འདུག་པ་དང་། མའོ་ཡི་དུས་ཚོད་མཇུག་བསྒྲིལ་རྗེས་(Deng Xiaoping)ཏིང་ཞའོ་ཕིང་གིས་ཕྱི་ལོ་༡༩༨༢ ནང་གཞུང་གི་ལས་དོན་དང་དམར་ཤོག་ཚོགས་པ་གཉིས་ཀྱི་དབང་ཆ་ཆ་བགོས་བྱས་ཡོད་འདུག རྒྱུ་མཚན་ནི་དམར་ཤོག་ཚོགས་པ་དང་གཞུང་གཉིས་བར་དབང་ཆ་ཆ་མཉམ་ཡོང་ཐབས་ལས་དམར་ཤོག་ཚོགས་པ་དབང་ཆ་གཅིག་བསྡུ་མི་ཡོང་བའི་ཆེད་དུ་བཟོས་པ་ཞིག་ཡིན་འདུག་ཅིང་། དམར་ཤོག་ཚོགས་པ་དང་གཞུང་གཉིས་ཀྱི་བར་དབང་ཆ་ཆ་བགོས་དེ་ཕྱི་ལོ་༡༩༨༧ སྐབས་༡༣ པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་བཟོས་ཡོད་འདུག 

རྒྱ་ནག་གི་(Peking University)ཟེར་བའི་གཙུག་ལག་སློབ་ཆེན་གྱི་སྲིད་དོན་ཚན་རིག་སློབ་དཔོན་མིང་བརྗོད་འདོད་མེད་པ་ཞིག་གིས། རྒྱ་ནག་དམར་ཤོག་ཚོགས་པ་དེ་ཕྱི་ལོ་༢༠༡༢ ནས་དབང་ཆ་ཆེན་པོ་གྱུར་ཡོད་པ་དང་། དམིགས་བསལ་ཕྱི་ལོ་༢༠༡༧ ལོ་ནས་ཞི་ཅིན་ཕིང་གིས་དབང་ཆ་གཅིག་བསྡུ་བྱས་ཡོད་པ་རེད་ཅེས་བརྗོད་འདུག (Wang Qishan)ཟེར་བ་ད་ལྟ་རྒན་ཡོལ་ཞུས་ཟིན་པའི་རྒྱ་ནག་གི་སྲིད་དོན་པ་དེ་ཡིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་༡༩ པའི་སྐབས་སུ་དམར་ཤོག་ཚོགས་པ་ཡིས་རྒྱ་ནག་གི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་གནད་དོན་སོགས་ལ་ཐེ་གཏོགས་བྱེད་ཆོག་པ་བཟོས་ཡོད་པ་དང་། མི་དེ་ནི་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་(Politburo Standing Committee)ཟེར་བ་དེའི་རྒྱུན་ལས་ཡིན་འདུག་པ་དང་། དམར་ཤོག་ཚོགས་པའི་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་མཁན་གྱི་ཚོགས་པའི་ཚོགས་གཙོ་ཡང་ཡིན་འདུག 

ཁོ་ཕྱི་ལོ་༡༩༨༠ ཙམ་གྱི་ནང་རྒྱ་ནག་གི་དམར་ཤོག་ཚོགས་པ་དང་གཞུང་གཉིས་བར་དབང་ཆ་ཆ་བགོས་དགོས་པའི་གནད་དོན་དེ་ལ་མཐའ་གཅིག་ཏུ་དགག་པ་རྒྱག་མཁན་ཞིག་ཡིན་འདུག་ལ། ཁོས་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་གཞུང་གཉིས་གཅིག་ཡིན་པས་དབང་ཆ་བགོས་དགོས་དོན་མེད་པ་རེད་ཅེས་བརྗོད་ཡོད་འདུག དེའི་ལོ་གཅིག་གི་རྗེས་སུ་དམར་ཤོག་ཚོགས་པའི་དབང་ཆ་ཇེ་ཆེར་གཏོང་འགོ་བཙུགས་ཡོད་འདུག་པ་དང་། དམར་ཤོག་ཚོགས་པས་རྒྱ་ནག་གཞུང་དབུས་རྒྱུན་ལས་ཀྱི་ལས་དོན། ཕྱི་འབྲེལ་དང་། བདེ་འཇགས། ཁྲིམས་ལུགས་སྲུང་སྐྱོབ། དྲིལ་བསྒྲགས། ཆོས་ལུགས་ལས་དོན། གྲངས་ཉུང་མི་རིགས་ཁག་གི་ལས་དོན་སོགས་ལ་ཐེ་གཏོགས་བྱེད་རྒྱུ་འགོ་བཙུགས་ཡོད་འདུག རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བས་ཀྱང་ཁྲིམས་ལ་འགྱུར་བ་བཏང་ནས་དམར་ཤོག་ཚོགས་པས་གང་བསྐོས་པའི་ལས་དོན་དག་སྒྲུབ་རྒྱུ་ལས་གཞན་བྱེད་མི་ཆོག་པ་བཟོས་ཡོད་འདུག དེ་བཞིན་གཞུང་གིས་ལས་དོན་སོགས་ཕྱི་གསལ་ནང་གསལ་ཡོང་ཆེད་གནས་ཚུལ་ཕྱིར་བསྒྲགས་བྱེད་རྒྱུའི་ཆོག་མཆན་འགའ་ཡོད་ཀྱང་། ད་ཆར་དེ་ཚོ་ཚང་མ་མེད་པ་བཟོས་ཟིན་ཡོད་འདུག་ལ། དུས་རྒྱུན་བདུན་རེར་དབུས་རྒྱུན་ལས་རྣམས་ཀྱི་ཚོགས་འདུ་ཡོད་ཀྱང་། ད་ནས་བཟུང་ཟླ་བ་གཅིག་ནང་ཐེངས་གཅིག་དང་གཉིས་ལས་མེད་པ་བཟོས་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།