རྒྱ་ནག་གི་བདེ་སྲུང་བློན་ཆེན་ཨུ་རུ་སུར་སླེབས་འདུག
ཟླ་༣ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨུ་རུ་སུར་སླེབས་ཡོད་པ་དང་། དེའི་རྗེས་སུ་ཨ་རིས་དཔལ་འབྱོར་ཉེས་ཆད་བཏང་ཡོད་པའི་རྒྱ་ནག་གི་བདེ་སྲུང་བློན་ཆེན་ཡང་ཨུ་རུ་སུར་སླེབས་འདུག་པ་དང་། དེ་ནི་ཁོང་གི་གཞུང་འབྲེལ་ཕྱོགས་སྐྱོད་དང་པོ་དེ་ཡིན་འདུག
ཟླ་ ༤ པའི་ཚེས་༡༦ ནས་༡༩ བར་རྒྱ་ནག་གི་བདེ་སྲུང་བློན་ཆེན་ལཱི་ཤང་ཧྥུ་ཡིས་ཨུ་རུ་སུར་གཞུང་འབྲེལ་ཕྱོགས་སྐྱོད་བྱེད་ཀྱི་ཡོད་འདུག་པ་དང་། ཚེས་༡༦ ཉིན་ཁོང་དང་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གཉིས་བར་ཐུག་འཕྲད་བྱས་འདུག
ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས། ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱེད་བཞིན་པའི་གནད་དོན་དེར་སྐྱོན་བརྗོད་དང་དགག་བྱ། དཔལ་འབྱོར་གྱི་ཉེས་ཆད་གཏོང་བཞིན་ཡོད་ཀྱང་། དེ་སྔོན་ཟླ་༣ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨུ་རུ་སུར་སླེབས་ཡོད་པ་དང་། ཐེངས་འདིར་རྒྱ་ནག་གི་བདེ་སྲུང་བློན་ཆེན་ཡང་སླེབས་ཡོད་པ་མ་ཟད། ཕྱོགས་སྐྱོད་དེ་ནི་ཁོང་བདེ་སྲུང་བློན་ཆེན་དུ་བསྐོ་གཞག་བྱས་རྗེས་ཕྱིའི་རྒྱལ་ཁབ་ཁག་ལ་གཞུང་འབྲེལ་ཕྱོགས་སྐྱོད་དང་པོ་དེ་ཆགས་ཀྱི་འདུག ཁོང་གིས་རྒྱ་ནག་དང་ཨུ་རུ་སུ་གཉིས་བར་ཡོད་པའི་དམིགས་བསལ་གྱི་འབྲེལ་ལམ་དང་། ཕྱོགས་གཉིས་བར་གྱི་འབྲེལ་ལམ་གྱི་གལ་གནད་ནན་བརྗོད་བྱེད་ཆེད་དུ་གཞུང་འབྲེལ་ཕྱོགས་སྐྱོད་ཐེངས་དང་པོ་དེ་ཨུ་རུ་སུར་ཡོང་རྒྱུ་བདམས་པ་ཡིན་སྐོར་བརྗོད་འདུག

ཐུག་འཕྲད་སྐབས་སུ་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གྱིས། ཕྱོགས་གཉིས་བར་གྱི་དམག་དོན་ལས་ཁུངས་བརྒྱུད་ནས་རྒྱུན་ལྡན་དུ་གལ་གནད་ཆེ་བའི་གནས་ཚུལ་བརྗེ་ལེན་དང་། དམག་དོན་དང་འཕྲུལ་རིག་ཐོག་མཉམ་ལས། མཉམ་དུ་དམག་སྦྱོང་སོགས་བྱེད་བཞིན་ཡོད་པ། དམག་སྦྱོང་དེ་ནི་ཤར་ཕྱོགས་ཡུལ་གྲུ་དང་དེ་བཞིན་ཡུ་རོབ་ནང་དུ་ཡང་བྱེད་ཀྱི་ཡོད་པ། དེའི་ནང་ས་དམག་དང་གནམ་དམག མཚོ་དམག་བཅས་ཀྱི་དམག་སྦྱོང་བྱེད་བཞིན་ཡོད་པ། ལས་དོན་དེ་དག་གིས་ཕྱོགས་གཉིས་བར་ཡིད་ཆེས་ཀྱི་རང་བཞིན་ལྡན་པའི་འབྲེལ་ལམ་དེ་བརྟན་དུ་གཏོང་བའི་ལམ་ཁ་གལ་ཆེན་ཞིག་ཡིན་སྐོར་བརྗོད་འདུག
རྒྱ་ནག་གི་བདེ་སྲུང་བློན་ཆེན་ལཱི་ཤང་ཧྥུ་ཡིས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ནི་བརྟན་པོ་ཡིན་པ་དང་། རྒྱ་ནག་གི་ཕྱོགས་ནས་ཕྱོགས་གཉིས་བར་གྱི་དམག་དོན་ཐོག་འབྲེལ་ལམ་དང་མཉམ་ལས་ཤུགས་ཆེ་རུ་གཏོང་རྒྱུར་འདོད་པ་ཡོད་སྐོར་བརྗོད་འདུག
རྒྱ་ནག་གིས་བདུན་ཕྲག་སྔོན་མར་བདེ་སྲུང་བློན་ཆེན་ཨུ་རུ་སུར་འགྲོ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ནས། ཨུ་རུ་སུའི་བདེ་སྲུང་དཔོན་རིགས་ཁག་དང་ཐུག་འཕྲད་བྱེད་རྒྱུ་ཡིན་སྐོར་བསྒྲགས་པ་ལས། སྲིད་འཛིན་པུ་ཀྲེན་དང་ཐུག་འཕྲད་བྱེད་རྒྱུའི་སྐོར་གང་ཡང་བསྒྲགས་མི་འདུག
ཨ་རིས་རྒྱ་ནག་གི་བདེ་སྲུང་བློན་ཆེན་ཁོང་ལ་ཕྱི་ལོ་༢༠༡༨ ལོ་ནས་དཔལ་འབྱོར་གྱི་ཉེས་ཆད་བཅད་འདུག་པ་དང་། དེ་ཡང་ཁོང་གིས་ཨུ་རུ་སུའི་མཚོན་ཆ་ཕྱིར་འདྲེན་བྱེད་མཁན་གྱི་ཚོང་ལས་ཁང་ཞིག་ལས་དམག་གི་གནམ་གྲུ་དང་འཕྲུལ་ཆས་ཉོས་པས་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
