རྒྱ་ནག་གི་བདེ་སྲུང་བློན་ཆེན་གར་སོང་ཆ་མེད་དུ་གྱུར་ནས་བདུན་ཕྲག་གཉིས་ཕྱིན་འདུག
ཟླ་འདིའི་ཚེས་༡༢ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་བདེ་སྲུང་བློན་ཆེན་གར་སོང་ཆ་མེད་དུ་གྱུར་ནས་བདུན་ཕྲག་གཉིས་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་ནང་འགོ་ཁྲིད་ཀྱི་གནས་བབ་ལ་འགྱུར་ལྡོག་འགྲོ་བཞིན་པ་དང་ལྷག་པར་དུ་རྒྱ་ནག་གི་དམག་དཔུང་ཁྲོད་དུ་ལྐོག་ཟ་རུལ་སུངས་བྱེད་མཁན་དག་ལ་རྡུང་རྡེག་གཏོང་བཞིན་པའི་དུས་སྐབས་དེར་དོན་རྐྱེན་འདི་བྱུང་ཡོད་པར་བརྟེན། རྒྱ་ནག་གི་འགོ་ཁྲིད་ཁྲོད་དུ་ཁོ་གང་དུ་ཡོད་མེད་དང་ཁོ་ཡི་མ་འོངས་པའི་ཆབ་སྲིད་ཀྱི་གནས་བབ་སོགས་ཀྱི་ཐོག་ལ་ལབ་གླེང་ཆེན་པོ་བྱེད་བཞིན་ཡོད་འདུག
ཟླ་བ་༨ ཚེས་༢༩ ཉིན་རྒྱ་ནག་དང་ཨ་ཧྤེ་རི་ཁའི་ཞི་བདེ་བདེ་འཇགས་གླེང་སྟེགས་སྐབས་གསུམ་པ་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་སྐོང་ཚོགས་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་བདེ་སྲུང་བློན་ཆེན་ལི་ཧྲང་ཧྥུ་(Li Shangfu) ཚོགས་འདུ་ལ་ཞུགས་ནས་སྙིང་དོན་གཏམ་བཤད་བྱས་ཡོད་འདུག དུས་དེ་ནས་བཟུང་ད་བར་བདུན་གཉིས་ཙམ་ཕྱིན་ཡོད་རུང་། རྒྱ་ནག་གི་བདེ་སྲུང་བློན་ཆེན་མི་མང་དང་ལྷག་པར་དུ་བདེ་སྲུང་དང་འབྲེལ་བའི་ལས་དོན་མང་པོའི་ནང་མཐོང་རྒྱུ་མེད་པ་ཆགས་ཡོད་འདུག
ལོ་འདིའི་ཟླ་༧ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་བསྐོ་བཞག་བྱས་པའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་མེ་ཤུགས་འཕུར་མདའི་དམག་དཔུང་སྡེ་ཚན་གྱི་དམག་སྤྱི་ལི་ཡུས་ཁྲའོ་ (Li Yuchao) ་དང་དམག་སྤྱི་གཞོན་པ་ལིའུ་ཀོང་པིན་(Liu Guangbin) ་གཉིས་གར་སོང་ཆ་མེད་དུ་གྱུར་ནས་ཟླ་བ་ཁ་ཤས་ཀྱི་རྗེས། ལོ་འདིའི་ཟླ་༧ ཚེས་༣༡ ཉིན་རྒྱ་ནག་གི་མཚོ་དམག་གི་འགོ་ཁྲིད་ཟུར་པ་གཞོན་པ་ཝང་ཧོའུ་པིན་(Wang Houbin) ་རྒྱ་ནག་གི་མེ་ཤུགས་འཕུར་མདའི་དམག་དཔུང་སྡེ་ཚན་གྱི་འགོ་ཁྲི་གསར་པར་བསྐོ་བཞག་བྱས་ཡོད་འདུག ད་ལྟའི་ཆར་ལོ་འདིའི་ཕྱི་ཟླ་༣ པའི་ནང་བསྐོ་བཞག་བྱས་པའི་རྒྱ་ནག་གི་བདེ་སྲུང་བློན་ཆེན་གར་སོང་ཆ་མེད་དུ་གྱུར་ནས་བདུན་ཕྲག་གཉིས་ཙམ་ཕྱིན་ཡོད་འདུག
རྒྱ་ནག་གི་བདེ་སྲུང་བློན་ཆེན་དེ་ལོ་༦༥ ཡིན་པ་དང་ཕྱི་ལོ་༢༠༡༨ ལོར་ཁོས་ཨུ་རུ་སུའི་རྩ་ནས་མཚོན་ཆ་མངགས་ཉོ་བྱས་པར་བརྟེན། ཨ་རི་གཞུང་གིས་ཁོ་ལ་ཆད་པ་བཅད་ཡོད་འདུག
རྒྱ་ནག་གི་བདེ་སྲུང་བློན་ཆེན་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་དེ་ཐོག་མ་ཉི་ཧོང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་པ་(Rahm Emanuel) ཡིས་ཟླ་འདིའི་ཚེས་༨ ཉིན་ཁོང་གི་X འམ་ཡོངས་གྲགས་སུ་ཊུ་ཝི་ཊར་དྲྭ་ཐོག་ཏུ་སྤེལ་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་འགའ་རེས་གོང་གི་འགོ་ཁྲིད་དེ་དག་གིས་ལྐོག་ཟ་རུལ་སུངས་བྱས་པའི་དབང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་ཚུལ་བརྗོད་བཞིན་ཡོད་ཀྱང་། དོན་དངོས་ཀྱི་གནས་ཚུལ་ཅི་ཞིག་ཡིན་མིན་ད་དུང་ཡང་ཤེས་རྟོག་བྱུང་མཁན་མེད་པ་རེད་འདུག
འདས་པའི་ལོ་ངོ་ཁ་ཤས་ནང་རྒྱ་ནག་ནང་ཆེས་མཐོའི་འགོ་ཁྲིད་དང་ཚོང་དཔོན། ལུས་རྩལ་བ་གྲགས་ཅན་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སོགས་མང་དག་ཅིག་བློ་བུར་དུ་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་མང་དག་ཅིག་བྱུང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།