རྒྱ་ནག་གི་བཟོ་ཚོང་ཁང་ཆེ་ཤོས་ཤིག་གི་ཡན་ལག་ཚོང་ཁང་གི་ལས་བྱེད་ཁག་ཅིག་བཀག་ཉར།
ཟླ་འདིའི་ཚེས་༡༨ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར། རྒྱ་གཞུང་གི་ཉེན་རྟོག་པས་རྒྱ་ནག་གི་བཟོ་ཚོང་ཁང་ཆེ་ཤོས་ཤིག་གི་ཡན་ལག་ཚོང་ཁང་གི་ལས་བྱེད་ཁག་ཅིག་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་གྲོང་ཁྱེར་ཧྲེན་ཌིན་(Shenzhen) གྱི་ལྷོ་ཕྱོགས་སུ་ཡོད་པའི་ཉེན་རྟོག་པས་བརྗོད་གསལ་ལྟར་ན། རྒྱ་ནག་གི་ཨེ་ཝར་གྷི་རན་ཌི་(Evergrande) ཞེས་པའི་ཚོང་གཉེར་ཁང་གི་དངུལ་རྩའི་ཡན་ལག་ཚོང་ཁང་གི་ལས་བྱེད་ཁག་ཅིག་འཛིན་བཟུང་བྱས་ཡོད་འདུག ཡིན་ན་ཡང་། ས་གནས་ཉེན་རྟོག་པས་མིའི་གྲངས་ཀ་དང་མི་སུ་འཛིན་བཟུང་བྱས་ཡོད་མེད་བརྗོད་མེད་པ་མ་ཟད། འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཡང་བཤད་མེད་པ་རེད་འདུག ཉེན་རྟོག་པ་ཚོས་ས་གནས་མི་མང་ལ་མགོ་སྐོར་གཡོ་འཕྲུལ་གྱི་དོགས་གཞི་ཡོད་པའི་གནས་ཚུལ་ག་རེ་ཡིན་ནའང་ཉེན་རྟོག་པ་ཚོ་ལ་སྙན་གསན་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
ས་གནས་ཉེན་རྟོག་པས་ལས་བྱེད་ཁག་ཅིག་འཛིན་བཟུང་བྱས་རྗེས། ཟླ་འདིའི་ཚེས་༡༨ ཉིན་ཚོང་གཉེར་ཁང་དེའི་མ་ཤེར་(Share) བརྒྱ་ཆ་༢༥% མར་ཆག་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་བ་སྔོན་མའི་ནང་རྒྱ་ནག་གི་ཚོང་གཉེར་ཁང་དེ་ཡིས་ལོ་འདིའི་ཟླ་བ་༡ ནས་༦ པའི་བར་ཚོང་གཉེར་ཁང་གིས་རྒྱ་སྒོར་ཐེར་འབུམ་༣༣ གྱོང་གུད་ཕོག་ཡོད་པ་དང་། ལོ་སྔོན་མའི་གྱོང་གུད་ཕོག་པའི་རྒྱ་སྒོར་ཐེར་འབུམ་༦༦.༤ དང་བསྡུར་ན་ཡར་རྒྱས་ཕྱིན་ཡོད་ཅེས་བསྒྲགས་ཡོད་འདུག
ཕྱི་ལོ་༢༠༢༡ ལོར་རྒྱ་ནག་གི་ས་ཁང་གཙོས་པའི་དངོས་ཟོག་སྣ་ཚོགས་བཟོ་སྐྲུན་བྱེད་མཁན་གྱི་ཚོང་གཉེར་ཁང་ཨེ་ཝར་གྷི་རན་ཌི་(Evergrande) ་ལ་ཨ་སྒོར་ཐེར་འབུམ་$༣༠༠ ཙམ་གྱི་བུ་ལོན་ཟུག་ནས་རྒྱལ་སྤྱིའི་ཐོག་བུ་ལོན་ཆེ་ཤོས་ཡོད་པའི་ཚོང་གཉེར་ཁང་ཞིག་ཆགས་ཡོད་འདུག
ལོ་འདིའི་ཟླ་༨ ་ཚེས་༡༧ ་ཉིན་རྒྱ་ནག་གི་ཚོང་གཉེར་ཁང་དེ་ཡིས་ཨ་རི་ལ་ཡོད་པའི་ཁོང་ཚོའི་རྒྱུ་ནོར་དག་བུན་བདག་ཚོ་ལ་མི་ཤོར་བའི་ཆེད་ཨ་རིའི་ཁྲིམས་ཁང་ལ་ཞུ་གཏུག་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་འདུག
ཕྱི་ལོ་༢༠༢༠ ལོ་རྒྱ་ནག་གཞུང་གིས་དངུལ་གཡར་རྒྱུའི་ཐོག་ལ་ཚད་བཀག་བཟོས་ཡོད་པར་བརྟེན། ཁར་དབང་ཚོང་གཉེར་ཁང་ཚོ་ལ་དངུལ་སྐྱི་རྒྱུའི་དཀའ་ངལ་འཕྲད་ཡོད་འདུག ད་ལྟའི་ཆར་རྒྱ་ནག་གི་ཁར་དབང་ཚོང་གཉེར་ཁང་(Country Garden) ཟེར་བ་དང་(Sino-Ocean) ཟེར་བ་སོགས་ལ་བུ་ལོན་སྐྱིན་ཚབ་འཇལ་རྒྱུའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་ཚོང་གཉེར་ཁང་དེ་དག་གི་དཀའ་ངལ་གྱིས་རྒྱ་ནག་གི་དཔལ་འབྱོར་བརྟན་ལྷིང་ལ་གནོད་རྒྱུ་ཙམ་མ་ཟད་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཁྲོམ་ར་ལ་དོ་ཕོག་འགྲོ་སྲིད་པའི་བློ་འཚབ་བྱེད་བཞིན་ཡོད་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།
