རྒྱ་ནག་གི་མཐོ་རིམ་དཔོན་པོ་ཞིག་གིས་ཨ་རྒྱའི་འབྲེལ་ལམ་བསྐྱར་གསོ་བྱེད་པའི་དགོས་འདུན་བཏོན་འདུག
རྒྱ་ནག་གི་མཐོ་རིམ་དཔོན་པོ་ཞིག་གིས་ཨ་རི་ལ་“བོད་དང་ཧོང་ཀོང་ལྟ་བུའི་རྒྱ་ནག་ནང་ལོགས་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་མཚམས་བཞག་”སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་རྒྱུན་ལྟར་བསྐྱར་གསོ་བྱེད་པའི་དགོས་འདོན་བཏོན་འདུག
རྒྱ་ནག་གིས་ཨ་རིའི་སྲིད་འཛིན་བྷའེ་ཌན་གྱི་སྲིད་གཞུང་གསར་པའི་འོག་ནས་ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་“རེ་བའི་སྒེའུ་ཁུང་གསར་པ་ཞིག་”འབྱེད་ཐུབ་པའི་རེ་བ་བརྒྱབ་ཡོད་ན་ཡང་། ད་ལྟའི་ཆར་རེ་བ་དེ་མངོན་དུ་འགྱུར་རྒྱུ་ཅུང་ཁག་པོ་ཆགས་ཡོད་པར་མངོན། བྷའེ་ཌན་སྲིད་གཞུང་གིས་སྲིད་གཞུང་གོང་མའི་ཕྱི་ནང་གི་སྲིད་བྱུས་ཕལ་ཆེ་བ་ལ་འགྱུར་བ་བཏང་དང་གཏོང་བཞིན་ཡོད་རུང་། རྒྱ་ནག་གི་ཐོག་ཏུ་བཟུང་བའི་གཞི་རྩའི་སྲིད་བྱུས་རྣམས་རང་སོར་བཞག་ཡོད་དེ། ཕྱི་སྲིད་དྲུང་ཆེ་གསར་པ་ཨན་ཐོ་ན-བྷི་ལིན་ཁི་(Antony Blinken) ཡིས་བདུན་ཕྲག་གོང་མར་ཕྱི་སྲིད་དྲུང་ཆེ་གོང་མ་མཱ་ཁི-ཕོམ་ཕོའོ་(Mike Pompeo) ཡི་ངོས་ནས་རྒྱ་ནག་གིས་ཡུ་གུར་བའི་ཐོག་ཏུ་“མི་རིགས་རྩ་མེད་བཟོ་”བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ངོས་འཛིན་གནང་བ་དེར་འགྱུར་བ་མེད་ཚུལ་བསྒྲགས་པ་མ་ཟད། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དང་། ནད་ཡམས་ཀྱི་གནས་ཚུལ་སྦས་སྐུང་བྱེད་བཞིན་པ་སོགས་ཀྱི་ཐད་ནས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད།
རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཕྱི་སྲིད་ལས་ཁུངས་ཀྱི་འགན་འཛིན་ཡང་ཇི་ཁྲི་(Yang Jiechi) ཡིས་དེ་རིང་རེས་གཟའ་མིག་དམར་ཉིན་པེ་ཅིང་དུ་ཨ་རྒྱའི་འབྲེལ་ལམ་སྐོར་གྱི་དྲ་ཐོག་ཚོགས་འདུ་ཞིག་གི་ཐོག་ཏུ་གཏམ་བཤད་སྤེལ་འདུག་པ་དང་། ཁོ་རང་ཨ་རིའི་སྲིད་འཛིན་བྷའེ་ཌན་གྱིས་ཟླ་སྔོན་མའི་ཚེས་༢༠ ཉིན་དམ་འབུལ་ཞུས་པའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྐོར་ལ་སྐད་ཆ་ཤོད་མཁན་གྱི་རྒྱ་ནག་གི་དཔོན་པོ་མཐོ་ཤོས་དེ་ཆགས་ཡོད་འདུག
ཡང་ཇི་ཁྲི་ཡིས་“ཨ་རིས་ཧོང་ཀོང་དང་། བོད། ཡུ་གུར། དེ་བཞིན་རྒྱ་ནག་གི་ས་ཁོངས་བདག་དབང་དང་འབྲེལ་བའི་གནད་དོན་གཞན་རྣམས་ལ་ཐེ་བྱུས་བྱེད་མཚམས་འཇོག་དགོས་”ཞེས་བཤད་དེ། གནད་དོན་དེ་དག་རྒྱ་ནག་གི་རྩ་བའི་ཁེ་ཕན་དང་ཆེ་མཐོང་ལ་འབྲེལ་ནས་ཡོད་པའི་འགྲེལ་བརྗོད་བྱས་ཡོད་འདུག
དབང་ཤུགས་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཀྱང་ཆེ་བའི་དཔོན་པོ་ཁོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་“རྩོད་རྙོག་དང་གདོང་ཐུག་བྲལ་ཞིང། ཕན་ཚུན་གུས་བརྩི་དང་། ཕྱོགས་གཉིས་ཀ་རྒྱལ་བའི་མཉམ་ལས་”ཀྱི་ལམ་དུ་འཇོག་པའི་ཆེད་རྒྱ་ནག་གི་ངོས་ནས་ཨ་རི་དང་མཉམ་ལས་བྱེད་པའི་གྲ་སྒྲིག་ཆ་ཚང་ཡོད་ཚུལ་ནན་བརྗོད་ཀྱང་བྱས་ཡོད་འདུག
རྒྱ་ནག་གི་དཔོན་པོ་ཁོའི་གཏམ་བཤད་ནང་“མཉམ་ལས་”ཞེས་པའི་ཚིག་དེ་ཐེངས་༢༤ ཐོན་པའི་ཐོག ཁོས་གལ་སྲིད་ཨ་རྒྱ་གཉིས་མཉམ་ལས་བྱས་པ་ཡིན་ན། མ་འོངས་པའི་ལོ་བཅུའི་ནང་ཨ་རིའི་བཟོ་ཚོང་རྣམས་ལ་ཨ་སྒོར་ཁྲག་ཁྲིག་ཆེན་པོ་(trillion)༢༢ ཙམ་གྱི་ཁེ་བཟང་འཐོབ་ངེས་ཚུལ་བཤད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
