རྒྱ་ནག་གི་མི་འབོར་གྱི་ཕྱེད་ཀ་ཙམ་མར་འཆག་རྒྱུ་རེད་འདུག

མ་འོངས་པའི་ལོ་༨༠ ཡི་ནང་ཚུན་དུ་རྒྱ་ནག་གི་མི་འབོར་གྱི་ཕྱེད་ཀ་ཙམ་མར་ཆག་ནས་ངལ་རྩོལ་ནུས་ཤུགས་ལ་ཉམས་རྒུད་ཆེན་པོ་འགྲོ་རྒྱུ་ཡིན་པས། རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་རེད་འདུག ཡིན་ན་ཡང་། གལ་སྲིད་ཊོམ་སྲིད་གཞུང་གིས་གནས་སྤོ་བ་རྣམས་ཉུང་དུ་གཏོང་བའི་སྲིད་བྱུས་ཕྱིར་བསྡུ་བྱས་པ་ཡིན་ན། ཨ་རིའི་མི་འབོར་དང་ངལ་རྩོལ་ནུས་ཤུགས་སྔར་རྒྱུན་ལྟར་གནས་རྒྱུ་རེད་འདུག 

ཝ་ཤིན་ཏྲོན་གསོ་རིག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སི་ཋན-ཨེ་མིལ་(Stein Emil Vollset) དང་། ཉམས་ཞིབ་པ་༢༣ གྱིས་མཉམ་དུ་བརྩམས་ཤིང་ལཱན་ས་ཏྲི་(The lancet) གསོ་རིག་དུས་དེབ་ནང་བཏོན་པའི་སྙན་ཐོ་གསར་པ་ཞིག་གི་ནང་དུ་འཁོད་གསལ་ལྟར་ན། རྒྱ་ནག་གི་མི་འབོར་དེ་ཕྱི་ལོ་༢༠༡༧ ལོར་ཐེར་འབུམ་༡.༤ ཡོད་པ་ལས་ཕྱི་ལོ་༢༡༠༠ ལོར་ས་ཡ་༧༣༢ ལ་མར་འཆག་རྒྱུ་རེད་འདུག་ཅིང་། དེ་ནི་རྒྱ་ནག་གི་མི་འབོར་གྱི་བརྒྱ་༤༨ མར་ཆག་པ་ཡིན་འདུག དེ་བཞིན་རྒྱ་ནག་ཏུ་ལས་ཀ་བྱེད་ཐུབ་མཁན་གྱི་མི་འབོར་ཡང་ཉུང་དུ་འགྲོ་རྒྱུ་ཡིན་འདུག་སྟེ། སྙན་ཐོ་དེའི་ནང་རྒྱ་ནག་གི་ལོ་ན་༢༠ ནས་༢༤ བར་གྱི་མི་འབོར་གྱི་བརྒྱ་ཆ་༦༤ ཙམ་མར་འཆག་རྒྱུ་ཡིན་པའི་སྔོན་དཔག་བྱས་འདུག་ཅིང་། རྩོམ་པ་པོ་རྣམས་ཀྱིས་ལོ་ཚོད་དེ་ནི་རྒྱལ་ཁབ་ཅིག་གི་དམག་མིའི་ལོ་ཚོད་གཙོ་བོ་དེ་ཡིིན་སྐོར་བཤད་འདུག 

རྒྱ་ནག་གི་མི་འབོར་མར་ཆག་པར་བརྟེན་ནས་ངལ་རྩོལ་ནུས་ཤུགས་ཀྱང་ཉམས་བཞིན་པའི་གནད་དོན་སྐོར་ལ། ངལ་རྩོལ་དཔལ་འབྱོར་རིག་པའི་(labor economy) ཆེད་ལས་མི་སྣ་མཱར་ཁི-རེ་ཇེ་ཋ་(Mark Regets) ཡིས་བརྗོད་དོན། “གྲངས་ཁ་ཁོ་ནའི་ཐོག་ནས་བརྩིས་ན། འདས་པའི་ལོ་ངོ་བཅུ་ཕྲག་རིང་རྒྱ་ནག་གི་ངལ་རྩོལ་ནུས་ཤུགས་མར་ཉམས་རྒུད་དུ་འགྲོ་བཞིན་ཡོད། འོན་ཀྱང་ཁོ་ཚོས་ཉམས་རྒུད་དེ་ཤེས་ཡོན་གྱི་ཚད་གཞི་མཐོ་རུ་བཏང་ནས་གུན་གསབ་བྱས་ཡོད། ཡིན་ན་ཡང་། མི་འབོར་གྱི་ཕྱེད་ཀ་ཙམ་ཉུང་དུ་འགྲོ་དུས། ཁོ་ཚོས་དེ་ལྟར་མུ་མཐུད་བྱེད་མི་ཐུབ།”

ངལ་རྩོལ་དཔལ་འབྱོར་རིག་པ་བ་ཁོང་གིས་མི་འབོར་ནི་རྒྱལ་ཁབ་ཅིག་གི་སྟོབས་ཤུགས་ཀྱི་ཡོང་ཁུངས་གཅིག་ཁོ་ན་ཡིན་ན་ཡང་། རྒྱལ་ཁབ་དེའི་མི་འབོར་རིམ་གྱིས་མར་འཆག་པའམ་ཡར་འཕར་བ་ཡིས་རྒྱལ་ཁབ་དེ་ལ་ཁྱད་པ་ཆེན་པོ་བཟོ་ངེས་ཡིན་ཚུལ་འགྲེལ་བརྗོད་གནང་བ་མ་ཟད། “བརྒྱ་ཆའི་ཐོག་ནས་བཤད་ན། ངལ་རྩོལ་ནུས་ཤུགས་ཀྱི་ཚད་དེ་མི་འབོར་གྱི་ཚད་ལས་ཉམས་རྒུད་འགྲོ་ཆེ་བ་ཡོད་”ཅེས་གསུངས་འདུག 

སྙན་ཐོ་གསར་པ་དེའི་ནང་། ཨ་རི་ལའང་རྒྱ་ནག་ལྟར་ལོ་ན་རྒས་པའི་མི་འབོར་གྱི་དཀའ་ངལ་དེ་འཕྲད་རྒྱུ་ཡིན་འདུག་ནའང། གལ་སྲིད་གནས་སྤོ་བ་རྣམས་ཉུང་དུ་གཏོང་བའི་ཊོམ་སྲིད་གཞུང་གི་སྲིད་བྱུས་དེ་ཕྱིར་བསྡུ་བྱས་པ་ཡིན་ན། ཨ་རིའི་མི་མང་གི་སྐྱེ་འཕེལ་ཉུང་དུ་ཕྱིན་ན་ཡང་གནས་སྤོ་བ་རྣམས་ཀྱིས་ཨ་རིའི་མི་འབོར་དང་། ངལ་རྩོལ་ནུས་ཤུགས་ཉམས་རྒུད་ཕྱིན་པའི་སྟོང་ཆ་དེ་ཁ་སྐོང་ཐུབ་རྒྱུ་ཡོད་ཚུལ་འཁོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།