རྒྱ་ནག་གི་མི་འབོར་ཉུང་དུ་ཕྱིན་འདུག

ཟླ་འདིའི་ཚེས་༡༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་མི་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ལོ་༢༠༢༡ དང་བསྡུར་ན་ཕྱི་ལོ་༢༠༢༢ ལོ་རྒྱ་ནག་གི་མི་འབོར་ཐེ་འབུམ་༡,༤༡༡ ནས་མི་འབོར་༨༥༠,༠༠༠ ཉུང་དུ་ཕྱིན་ཡོད་པ་དང་། གནས་ཚུལ་དབྱེ་ཞིབ་པ་ཚོས་བརྗོད་གསལ་ལྟར་ན། ཕྱི་ལོ་༡༩༦༡ ལོ་རྒྱ་ནག་གི་སྲིད་འཛིན་མའོ་ཙི་ཏུང་གི་འགོ་ཁྲིད་འོག་རྒྱ་མི་ས་ཡ་མང་པོ་མུ་གེ་བྱུང་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དུས་དེ་ནས་བཟུང་ད་བར་མི་འབོར་ཇེ་ཉུང་དུ་ཕྱིན་པ་ཐོག་མ་དེ་ཆགས་ཡོད་རབས་བརྗོད་འདུག་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་པ་ཚོས་ཕྱི་ལོ་༢༠༥༠ ལོར་སླེབས་དུས་རྒྱ་ནག་གི་མི་འབོར་ས་ཡ་༡༠༩ ཉུང་དུ་འགྲོ་ཡོད་སྲིད་པ་རེད་ཅེས་བརྗོད་འདུག

ཕྱི་ལོ་༢༠༢༡ ལོར་རྒྱ་ནག་ནང་ཕྲུ་གུ་ས་ཡ་༡༠,༦༢ ལྷག་སྐྱེས་ཡོད་པ་དང་། ཕྱི་ལོ་༢༠༢༢ ལོར་རྒྱ་ནག་ནང་ཕྲུ་གུ་ས་ཡ་༩,༥༦ མ་གཏོགས་སྐྱེས་མེད་པར་བརྟེན། ཕྱི་ལོ་༢༠༢༡ དང་བསྡུར་ན་བརྒྱ་ཆ་༩,༩༨% མར་ཆག་ཡོད་འདུག་ལ། ཕྱི་ལོ་༡༩༤༩ ལོ་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ནས་བཟུང་ད་བར་ཕྲུ་གུ་སྐྱེས་ཚད་དམའ་ཤོས་སུ་འགྱུར་ཡོད་འདུག

རྒྱ་ནག་གི་ནང་མི་འབོར་ཉམས་རྒུད་འགྲོ་བཞིན་པའི་རྒྱུ་མཚན་ནི་ཕྲུ་གུ་གསོ་སྐྱོང་གི་ཐོག་ལ་འགྲོ་སོང་ཆེ་བ་དང་། ནད་ཡམས་ཀྱི་དཀའ་ངལ་འཕྲད་བཞིན་པ། ལྷག་པར་དུ་རྒྱ་ནག་གི་དཔལ་འབྱོར་གྱི་འཕར་ཚད་ཞན་པ་དང་གཞོན་སྐྱེས་ཚོའི་ཁྲོད་དུ་ཁྱིམ་ཚང་དང་གཉེན་སྒྲིག་གི་ཐོག་ལ་ལྟ་ཚུལ་འགྱུར་བཞིན་ཡོད་པ་སོགས་ཀྱིས་ཡིན་འདུག

རྒྱ་ནག་གཞུང་གིས་མི་འབོར་ཉམས་རྒུད་ཀྱི་དཀའ་ངལ་དེ་སེལ་བའི་སླད། ཕྱི་ལོ་༡༩༧༩ ལོ་ནས་ལག་བསྟར་བྱས་པའི་ཕ་མ་གཉིས་ལ་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་དེ་འགྱུར་བ་བཏང་སྟེ། ཕྱི་ལོ་༢༠༡༦ ལོར་ཕ་མ་གཉིས་ལ་ཕྲུ་གུ་གཉིས་སྐྱེས་ཆོག་པ་བཟོས་ཡོད་ལ། ཕྱི་ལོ་༢༠༢༡ ལོར་རྒྱ་ནག་གཞུང་གིས་ཕ་མ་གཉིས་ལ་ཕྲུ་གུ་གསུམ་སྐྱེས་ཆོག་པ་བཟོས་ཡོད་པ་མ་ཟད། ཕྲུ་གུ་སྐྱེ་མཁན་ཚོ་ལ་སྒོར་མོ་སྤྲད་པ་དང་ཁྲལ་ཆག་ཡང་གཏོང་བ་སོགས་གཉེན་སྒྲིག་ཟིན་པའི་བཟའ་མི་རྣམས་ལ་བྱིས་པ་མང་ཙམ་སྐྱེ་དགོས་པའི་སྐུལ་མ་གཏོང་འགོ་བརྩམས་ཡོད། ཡིན་ན་ཡང་། རྒྱ་ནག་གཞུང་གི་སྲིད་བྱུས་དེ་དང་སྐུལ་མ་དེ་ཡིས་ཕན་འབྲས་གང་ཡང་བྱུང་མེད་པ་རེད་འདུག

མི་འབོར་ཉམས་རྒུད་ཀྱི་དཀའ་ངལ་གྱིས་རྒྱ་ནག་གི་མ་འོངས་པའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་མོ་ཐེབས་ཀྱི་ཡོད་པར་བརྟེན། མི་འབོར་ཉམས་རྒུད་ཀྱི་དཀའ་ངལ་དེ་ནི་རྒྱ་ནག་གི་སྲིད་བྱུས་འདིང་མཁན་རྣམས་ཀྱིས་སེམས་འཁུར་བྱེད་ས་ཆེ་ཤོས་ཤིག་ཆགས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།