རྒྱ་ནག་གི་མི་སེར་གསར་འགོད་པ་ཞིག་ལ་ལོ་ལྔའི་བཙོན་འཇུག་འཕོག་པའི་ཉེན་ཁ་འཕྲད་བཞིན་འདུག 

ན་ནིང་ལོ་སྨད་དུ་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཏོག་དབྱིབས་ནད་ཡམས་ཐོག་མར་བྱུང་བའི་སྐབས། དེ་དང་འབྲེལ་བའི་གནས་ཚུལ་འབྲི་བ་དང་བརྒྱུད་སྤེལ་བྱེད་མཁན་གྱི་མི་སེར་གསར་འགོད་པ་(citizen journalist)ཞིག་ལ་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཆད་འཕོག་པའི་ཉེན་ཁ་འཕྲད་བཞིན་ཡོད་འདུག

ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་སྤྱི་ཚོགས་བརྒྱུད་ལམ་ཁུག་ཏུ་སྤེལ་མཁན་གྱི་མི་སེར་གསར་འགོད་པ་(citizen journalist)ཞིག་ལ་དཀྲོག་གཏམ་སྤེལ་བའི་ནག་ཉེས་གཡོགས་ཏེ་ལོ་ལྔའི་བར་དུ་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཐབས་བྱེད་ཀྱི་ཡོད་འདུག 

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ལོ་ན་ ༣༧ ལ་སོན་ཞིང་སྔོན་ཆད་ཁྲིམས་རྩོད་པའི་ཕྱག་ལས་གནང་མྱོང་བའི་མི་སེར་གསར་འགོད་པ་ཧྲང་ཧྲན་(Zhang Zhan)འཛིན་བཟུང་བྱས་འདུག་པ་དང་། དེའི་རྒྱུ་མཚན་ནི་མོས་སྤྱི་ཚོགས་དྲ་ལམ་དང་ཐད་གཏོང་བརྒྱུད་ལམ་ཁག་ཏུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གནས་ཚུལ་སྤེལ་བས་ཡིན་འདུག 

རྒྱ་ནག་གིས་རྒྱུན་དུ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དང་ལས་འགུལ་བ་རྣམས་ལ་སྤྱི་ཚོགས་ནང་རྙོག་ཟིང་སློང་མཁན་གྱི་ཉེས་མིང་གཡོག་སྲོལ་ཆགས་ཡོད་པ་ལྟར། མི་སེར་གསར་འགོད་པ་ཁོང་ལའང་“རྩོད་རྙོག་དང་རྙོག་ཟིང་སློང་མཁན་”གྱི་ཉེས་པ་གཡོགས་ཡོད་འདུག་སྟེ། ཁ་སང་རེས་གཟའ་ཟླ་བའི་ཉིན་ཕྱིར་བསྒྲགས་བྱས་པའི་ཉེས་པའི་ཁྲིམས་ཤོག་(The indictment sheet)ནང་། མོས་“སྐད་འཕྲིན་དང་། ཡོའུ་ཊོབ། ཋོའུ་ཋར་ལྟ་བུའི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཡི་གེ་དང་བརྙན་ཐུང་བརྒྱུད་དེ་གནས་ཚུལ་རྫུན་མ་ཁྱབ་སྤེལ་བཏང་བའི་”ཉེས་པ་བསགས་ཡོད་སྐོར་བཀོད་ཡོད་འདུག 

  ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་སྲུང་ཁང་(Chinese Human Rights Defenders)ནས་སྤེལ་བའི་གནས་ཚུལ་ལྟར་ན། ཧྲང་ཧྲན་གྱིས་ཕྱི་ཟླ་ ༩ པ་ནས་བཟུང་ཟས་གཅད་ངོ་རྒོལ་བྱས་ཏེ་བསྡད་ཡོད་འདུག 

རྒྱ་ནག་གཞུང་གིས་མི་སེར་གསར་འགོད་པ་ཁོང་དེ་སྔོན་ ༢༠༡༨ ལོར་ཡང་གཅིག་མཚུངས་ཀྱི་ནག་ཉེས་གཡོགས་ནས་འཛིན་བཟུང་བྱས་པའི་ཁར། ༢༠༡༩ ལོར་ཧོང་ཀོང་གི་ལས་འགུལ་བ་ཚོར་རྒྱབ་སྐྱོར་བྱས་པར་བརྟེན་ནས་བསྐྱར་དུ་འཛིན་བཟུང་གིས་ཟླ་བ་གཉིས་ལྷག་ལ་བཀག་ཉར་བྱས་པ་མ་ཟད། བཙན་གྱིས་སེམས་ཁམས་བདེ་ཐང་གི་བརྟག་དཔྱད་བྱེད་དུ་བཅུག་ཡོད་འདུག

འདི་ལོར་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་རྒྱུ་མཚན་གྱིས་རྒྱ་ནག་གཞུང་གི་འཛིན་བཟུང་བཙོན་འོག་ཏུ་ཚུད་པའི་གསར་འགོད་པ་ཧྲང་ཧྲན་གཅིག་པུ་མ་ཡིན་པར་གཞན་མང་པོ་ཞིག་ཡོད་འདུག་སྟེ།སྔོན་ཆད་ཁྲིམས་རྩོད་པའི་ཕྱག་ལས་གནང་མྱོང་བའི་གསར་འགོད་པ་ཆན-ཁོ་ཤི་(Chen Qiushi)ཕྱི་ཟླ་ ༡ པོའི་ནང་བཀག་ཉར་བྱས་འདུག་ལ། དེ་བཞིན་གསར་འགོད་པ་ཧྥང་བྷིན་(Fang Bin)ཡང་ཕྱི་ཟླ་ ༡ པོ་ཙམ་ནས་གར་སོང་ཆ་མེད་དུ་གྱུར་ནས་ད་དུང་གར་ཡོད་ཤེས་རྟོགས་བྱུང་མི་འདུག 

ཝུའུ་ཧན་ཏོག་དབྱིབས་ནད་ཡམས་སམ་ཡོངས་གྲགས་སུ་Covid-19 ཞེས་པའི་ནད་ཡམས་གསར་པ་འདི་ན་ནིང་ལོ་སྨད་ཙམ་ལ་རྒྱ་ནག་དབུས་ཀྱི་གྲོང་ཁྱེར་ཝུའུ་ཧན་(Wuhan)ནས་ཐོག་མར་བྱུང་བའི་སྐབས། རྒྱ་ནག་གིས་འཇིགས་སུ་རུང་བའི་ནད་ཡམས་དེ་སྔོན་འགོག་དང་འགོག་སྲུང་བྱེད་རྒྱུའི་ཚབ་ཏུ་སྦས་སྐུང་བྱས་པ་མ་ཟད། ཝུའུ་ཧན་གྲོང་ཁྱེར་དུ་ནད་ཡམས་གསར་པ་ཞིག་ཁྱབ་གདལ་འགྲོ་བཞིན་ཡོད་པའི་ཉེན་བརྡ་གཏོང་མཁན་དང་པོ་སྟེ། སྨན་པ་ལི-ཝན་ལིན་(Li Weliang)ལ་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་པ་མ་ཟད། ཁོང་ལ་རྗེས་སུ་“ཁྲིམས་དང་འགལ་བའི་བྱ་སྤྱོད་”སྤེལ་རྒྱུ་མིན་པའི་ཁས་ལེན་ཡི་གེ་ཞིག་ལ་མཚན་རྟགས་ཀྱང་འགོད་དུ་བཅུག་ཡོད། 

སྨན་པ་ཁོང་གིས་ལོ་སྔོན་མའི་ཕྱི་ཟླ་ ༡༢ ནང་ཝུའུ་ཧན་གྲོང་ཁྱེར་དུ་འཇིགས་སུ་རུང་བའི་ནད་འབུ་གསར་པ་ཞིག་ཁྱབ་གདལ་འགྲོ་བཞིན་ཡོད་པའི་ཉེན་བརྡ་བཏང་ན་ཡང་། ཉེན་རྟོག་པས་ཁོང་ལ་དཀྲོག་གཏམ་སྤེལ་བའི་ཉེས་མིང་གཡོགས་ནས་འཛིན་བཟུང་བྱས་རྗེས། རྗེས་སུ་“ཁྲིམས་དང་འགལ་བའི་བྱ་སྤྱོད་”སྤེལ་རྒྱུ་མིན་པའི་ཁས་ལེན་ཡི་གེ་ཞིག་ལ་མཚན་རྟགས་ཀྱང་འགོད་དུ་བཅུག་ཡོད། ཁོང་འདི་ལོའི་ཕྱི་ཟླ་ ༢ ནང་ནད་ཡམས་དེའི་རྐྱེན་གྱིས་སྐུ་གྲོངས་ཡོད། །

གསར་འགོད་པ་དཀོན་མཆོག་རབ་བརྟན།